དེ་ནས་བརྒྱུད་འདེབས་ལས། ༡༦

རྣམ་མང་མདོ་རྒྱུད་རལ་པའི་ཁུར་འཆང་ཞིང།།
ཕྱོགས་ལས་རྣམ་རྒྱལ་རིགས་པའི་གད་རྒྱངས་ཅན།།
བསླབ་གསུམ་གངས་རི་འཛིན་པ་ཀུན་གྱི་དཔལ།།
མཁས་བཙུན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།

ཞེས་པ་ལྟར།དེའི་རྗེས་སུ་སྨད་རྒྱུད་པའི་ཁྲིར་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་རྣམ་རྒྱལ་དཔལ་བཟང་བྱོན་པ་ཡིན་ཏེ།དམ་པ་འདི་རབ་བྱུང་དགུ་པ་ལྕགས་གླང།ཕྱི་ལོ་༡༥༤༡ལོར་གཙང་རྟ་ནག་ཏུ་སྐུ་འཁྲུངས།རྗེ་བདག་ཉིད་ཆེན་པོ་གཤེགས་ནས་ལོ་བརྒྱ་དང་ཉེར་གསུམ།རྗེ་ཤེས་རབ་སངྒེ་གཤེགས་ནས་ལོ་གོ་བརྒྱད་སོང་བ་དེ་ཡིན།ཐོག་མར་དཔལ་འཁོར་ཆོས་སྡེར་རབ་ཏུ་བྱུང།དེ་ནས་བཀྲས་ལྷུན་ཤར་རྩེ་གྲྭ་ཚང་དུ་ཞུགས།པཎྚི་ཏ་བློ་གྲོས་ལེགས་བཟང་ལ་བཀའ་ཆེན་རྣམས་གསན་ཏེ་བཀའ་བཅུའི་གྲྭ་སྐོར་མཛད།རྒྱལ་བ་དབེན་ས་པའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ལམ་རིམ་གསུམ་དང་གསང་བདེ་འཇིགས་གསུམ་གྱི་ཟབ་ཁྲིད་མང་པོ་གསན་ཏེ་བསྒོམས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས།ལན་ཅིག་བླ་མའི་ཞལ་ནས་བཀའ་བཅུ་པས་བཀྲིས་ལྷུན་པོར་བྱོན་ནས་པུ་ཏི་ལྷག་མ་རྣམས་བསླབས་ཏེ་རབ་འབྱམས་པའི་གྲྭ་སྐོར་མཛོད་དང་རྗེ་རིན་པོ་ཆེའི་བསྟན་པ་ལ་ཕན་ཐོགས་པ་ཞིག་འབྱུང་བ་འདུག་གསུངས་པ་ལྟར།སླར་བཀྲིས་ལྷུན་པོར་བྱོན་ནས་བཀའ་ཆེན་རྣམས་ལ་བསྐྱར་སྦྱོང་མཛད་ནས་ངམ་རིང་དང་དཔལ་འཁོར་ཆོས་སྡེ་གཉིས་སུ་རབ་འབྱམས་པའི་གྲྭ་སྐོར་གནང་སྟེ།དཔལ་འཁོར་ཆོས་སྡེའི་ལྷ་ཁང་གྲྭ་ཚང་གི་བླ་མ་ཡང་མཛད།གྲྭ་ཁང་ལ་ཞིག་གསོ་མཛད་སྐབས་ས་མེན་སྐོ་བའི་ཕུག་པ་གས་ནས་འགྲོ་མི་ནུས་ཚེ།རྗེ་འདིས་ཁྱེད་རང་ཚོས་ས་སྐོས་ཤིག་ངས་བཟུང་གི་གསུངས་ཏེ།ཕུག་པའི་གས་མཚམས་སུ་ཞབས་ཀྱིས་མནན་ཏེ་ཏིང་ངེ་འཛིན་བརྟན་པོས་མནན་པས་ཕུག་པ་མ་བརྡིབས།དེ་ནས་གྲྭ་པ་ཕྱིར་ཐོན་པ་དང་ཞབས་བསྡུས་ནས་བྱོན་པས་དེ་མ་ཐག་ཕུག་པ་དེ་ཞིག་ཀུན་གྱིས་གྲུབ་རྟགས་ཡིན་པར་ཤེས་ནས་ངོ་མཚར་ཆེ་བར་མཛད།པཎ་ཆེན་རིག་པའི་སེངྒེ་བསྟེན་ནས་མཁས་གྲུབ་ཐམས་ཅད་མཁྱེན་པ་དང།རྗེ་བློ་གྲོས་ཆོས་སྐྱོང་ཡབ་སྲས་ཀྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་མ་ལུས་པ་གསན་ཅིང།བསྐྱེད་རྫོགས་ཀྱི་རྣམ་བཤད་ཆེན་མོའི་ལུང་གདམས་པ་དང་བཅས་པ་གསན།འགྲེལ་པ་བཞི་སྦྲགས་ཀྱི་ལུང་ཡང་གསན་ཅིང།འདི་དག་སྲད་རྒྱུད་ཀྱི་བསྐྱེད་རྫོགས་དང་འགྲེལ་བའི་བཤད་རྒྱུན་ཡིན་པས་འདི་ནས་བཟུང་རྒྱུད་པ་ཟུང་འབྲེལ་གྱི་བཤད་རྒྱུན་ཡིན་ནོ།།

དེ་ནས་སྔགས་ཕྱོགས་ལ་ཤེས་འདོད་ཆེན་པོ་འཁྲུངས་ཏེ།དགའ་ལྡན་ཁྲི་ཆེན་བྱམས་པ་རྒྱ་མཆོའི་དྲུང་དུ་བྱོན་ནས་གསང་འདུས་བསྐྱེད་རྫོགས་ཀྱི་ཟིན་བྲིས་མཛད་པ་དང།རྒྱུད་ཊཱིཀ་ལེའུ་བཅུ་བཞི་པའི་བར་དང།གསང་འདུས་བསྐྱེད་རྫོགས་ཆེན་མོ་གཉིས་ཀྱི་བཤད་ལུང་དང།དམར་ཁྲིད་ལག་རྗེས་དང་བཅས་པ་གསན་ནས་ཐུགས་འཕྲོག་ཏེ།རྒྱུད་འགྲེལ་བཤད་པ་ཞུས་པས་སྨད་རྒྱུད་དུ་སོང་གསུངས་ནས་སྨད་རྒྱུད་པའི་ཆོས་གྲྭར་ལོ་གསུམ་བྱོན་ཏེ།མཁན་རིན་པོ་ཆེ་རྗེ་དགེ་འདུན་རྒྱལ་མཚན་པའི་དྲུང་ནས་འགྲེལ་པ་བཞི་སྦྲགས་ཀྱི་ཞིབ་བཤད་མཁས་པའི་ཡིད་འཕྲོག་པའི་ཁྲིད་དང་བཅས་པ་ཞུས།དེ་ནས་ཞབས་བསྙུང་ནས་མཐར་རྒྱས་སུ་ལོ་གཅིག་བཞུགས་པའི་རིང་ལ།དེའི་མཆོད་གནས་གནས་བརྟན་པ་ལ་རྒྱུད་འབུམ་གྱི་ལུང་རྒྱུན་འདུག་པས་དེ་ལ་གསར་མ་རྒྱུད་འབུམ་ཡོངས་རྫོགས་ཚར་གཅིག་ལེགས་པར་གསན།

དེ་ནས་གཙང་དུ་བྱོན་ཏེ་གསེར་སྡིངས་པའི་བླ་མ་མཛད་དེ་རྒྱུད་ཀྱི་འཆད་ཉན་མཛད།དེར་སྔར་རྒྱུད་ཊཱིཀ་དང་འགྲེལ་བ་བཤད་སྲོལ་མེད་ཀྱང་སྨད་རྒྱུད་པའི་ལམ་སྲོལ་བཞིན་འགྲེལ་པ་བཞི་སྦྲགས་ཀྱི་བཤད་པ་བཙུགས་པས་གཙང་ཕྱོགས་ཀྱི་དགེ་བཤེས་ཐམས་ཅད་བསྡུས་ཏེ།འཆད་ཉན་འཕེལ་ཞིང་སྔགས་ལ་བློ་བསྐྱེད་ཆེར་རྒྱས་པའི་མདོ་སྔགས་ཀྱི་མཁས་གྲྭ་མང་པོ་ཐོན།དེ་ནས་དབུས་སུ་དགའ་ལྡན་དུ་ཕེབས་ཏེ།མཆོད་ཆུང་ལ་རྒྱུད་སྨད་སྟོད་དང་གསེར་ལྡིངས་པ་གསུམ་འཛོམས་པས་དགེ་བཤེས་གསེར་ལྡིངས་པ་བཟང་བ་འདུག་ཅེས་སྙན་གྲགས་འུར་བྱུང་བས།ཁྲི་ཆེན་བྱམས་པ་རྒྱ་མཚོ་དང།སྡེ་པ་བཀྲིས་པ་མཆོད་ཡོན་གཉིས་ཀྱིས་སྨད་རྒྱུད་པའི་འཆད་ཉན་དུ་ཕེབས་དགོས་ཞུས་པས་ཞལ་བཞེས་གནང།འཕྲལ་དུ་གཙང་ལ་བྱོན་ཏེ།མཁས་དབང་བཀྲིས་རིན་ཆེན་པ་ལ་གསེར་སྡིངས་ཀྱི་བླ་མ་གཏད་ཏེ་དབུས་སུ་བྱོན།

རབ་བྱུང་བཅུ་པའི་ས་གླང།ཕྱི་ལོ་༡༥༨༩ལོར་སྨད་རྒྱུད་ཀྱི་ཁྲིར་ཕེབས་ནས་འཆད་ཉན་ལོ་བཅུ་བཞིའི་བར་དུ་མཛད་པ་ལས་ཕེབས་མ་ཐག་ནས་གྲྭ་མང་འོ་བརྒྱལ་བར་དགོངས་ནས་སྔ་ཇའི་ཇ་ཚུལ་མ་ཆག་པར་བཙུགས།ལོ་བཅུ་བཞིའི་རིང་འགྲེལ་པ་བཞི་སྦྲགས་ཐོག་མར་ཞོག་གུར་སྨོན་ནས་དབུ་བཙུགས།ཕྱི་མིག་ལུང་དུ་རྒྱུད་འགྲེལ་མ་རྫོགས་བར་ཚང་བར་མཛད་ཅིང།བླ་མ་རྒྱུད་མཆོད་དང་རྒྱུད་གཏད་པ་དང།བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལྟར་གྱི་ཁྲོ་བཅུའི་གཏོར་མ་དང་རྒྱུད་སྐྱོང་བའི་བཀའ་བསྒོ་བ་སོགས་རྗེ་བདག་ཉིད་ཆེན་པོའི་ཕྱག་བཞེས་རྣམས་ད་ལྟ་འགྲེལ་པའི་སྐབས་ལྟར་མཛད་པ་ཡིན།

ཊཱིཀྐ་ཆེ་བའི་བསྐྱར་ཆོས་ལེའུ་བཅུ་བདུན་པའི་མཚམས་སྦྱར་བར་དང།ཊཱིཀྐ་ཆུང་བའི་ལེའུ་བཅུ་གསུམ་པའི་མཚམས་སྦྱར་ལ་འཇོག་པར་མཛད་ཅིང།འདུས་པའི་བསྐྱེད་རྫོགས་ཀྱི་ཟིན་བྲིས་དང།འཇིགས་བྱེད་བསྐྱེད་རྫོགས་རྗེ་རྒྱ་ར་པ་དང།བྱམས་པ་རྒྱ་མཚོ།དགེ་འདུན་རྒྱལ་མཚན་གྱི་བསྐྱེད་རྫོགས་ལེགས་པ་དེ་དག་གཏོང་གི་ཡོད་པ་སྣང།དེ་ལྟར་ཚར་རེ་རེ་དང།རྒྱུད་སྡེ་སྤྱི་རྣམ་སོགས་དང་།རྒྱུད་འབུམ་གྱི་ལུང་དང།མཁས་གྲུབ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་འཇིགས་བྱེད་བསྐྱེད་རྫོགས་ཆེན་མོའི་ཟབ་བཤད།ལས་སྦྱོར་འཕྲུལ་འཁོར་ཕྱག་ལེན་དང་བཅས་པ་དང།མགོན་པོ་ཆོས་རྒྱལ་གཉིས་ཀྱི་བེའུ་བུམ་མན་ངག་དང་བཅས་པའི་ལུང་དང་ཞལ་ཤེས་མང་པོས་མཁས་པ་རྣམས་མགུ་བར་མཛད་པས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་དང།གདུལ་བྱ་འདུལ་བའི་ཐུགས་རྗེ་ཆེ་བས་དབུས་གཙང་ཁམས་གསུམ་གྱི་དགེ་བའི་བཤེས་གཉེན་བཟང་པོར་གྲགས་པ་ཐམས་ཅད་དཔལ་ལྡན་སྨད་རྒྱུད་དུ་འདུས་པས་མདོ་སྔགས་ཀྱི་དགེ་བའི་བཤེས་གཉེན་དང་འཕྲིན་ལས་ཀྱིས་ཀྱང་ཆུ་བོ་གངྒཱ་ཚུན་ཁྱབ་པར་མཛད།

བྱ་བ་ལས་ཀྱི་འཁོར་ལོ་ཚལ་གྱི་རྒྱུད་ཁང་ལྷའི་ཕོ་བྲང་འདྲ་བ་དེ་ཉིད་དེ་དུས་ཀྱི་ལྷ་འབྲི་བ་མཁས་རྒུ་འདུས་པས་ཕྱིས་སུ་ལོགས་བྲིས་འདི་འདྲ་ལེགས་པོ་གང་ན་ཡང་མ་མཐོང་ཞེས་ཀུན་མཁྱེན་བླ་མས་གསུངས།ཉི་འོད་ཕོག་དུས་ལྷ་ཁྲོ་བོ་རྣམས་ཀྱི་ཞལ་ལ་ལྟ་མི་བཟོད་པར་ཡོད་གསུངས།གངས་ཅན་གྱི་བི་ཤཱ་ཀརྨ་ཆོས་དབྱིངས་རྒྱ་མཚོས་ཀྱང་བསྟོད་པར་མཛད་ཅེས་གསུངས།ལོགས་བྲིས་སྐབས་མཐིང་དཀོན་པ་བྱུང་བས།གྲུབ་རྟགས་ནམ་མཁའ་མཛོད་ལ་མངའ་བརྙེས་པ་སྟོན་ཆེད་དུ་གྲིབ་ཀྱི་རི་འདིའི་རིགས་ལ་མཐིང་སྤང་གང་འདོད་ཡོད་ཅེས་གསུངས་ནས་ཕེབས་ཏེ་གང་འདོད་བརྙེད་པར་གྱུར།དེ་དུས་འཚོལ་མཁན་ཚོས་ས་ཁྲུ་གང་བརྐོས་པས་ས་དང་རི་ཐམས་ཅད་མཐིང་གི་རང་བཞིན་དུ་མཐོང་བས།ཕྱིས་སུ་ལེན་པར་ཕྱིན་དུས་སུས་ཀྱང་མ་རྙེད་པས་གྲུབ་རྟགས་སུ་ཤེས་ནས་ཀུན་ངོ་མཚར་བར་གྱུར།དེ་ནི་རླུང་ཙམ་དང་མན་ངག་རེས་འབྱུང་བཞི་བརྟེན་པའི་རྫུ་འཕྲུལ་ཆུང་ཆུང་དང་གཏན་མི་གཅིག་པས་སེམས་ལ་དབང་ཐོབ་པའི་གྲུབ་རྟགས་ཡིན་སྣང།དེ་བཞིན་དུ་ས་མེན་མ་རྙེད་པས་ཙ་རི་རི་འདིའི་རིགས་ལ་ས་མེན་གང་འདོད་ཡོད་གསུངས་རྗེས་རང་གི་བཙལ་བས་མ་རྙེད་ཕྱིན་རི་ཐམས་ཅད་ས་མེན་དུ་འདུག་པ་མངོན་སུམ་དུ་མཐོང་ཡང་ད་ལྟ་ཅི་ཡང་མི་འདུག་གསུངས་སྣང།དེ་དུས་རྡོ་རྣམས་ལ་ཕྱག་རྗེས་དང་ཞབས་རྗེས་བྱུང་བ་རྡོ་རྗེ་འཇིགས་བྱེད་བྲིས་སྐུའི་ལོགས་བྲིས་ཀྱི་རྩིག་པ་ལ་ཡོད་པར་ཀུན་གྱིས་མཐོང་རྒྱུ་ཡོད་འདུག

ཞོགས་གུར་སྨོན་དུ་ཡང་རྒྱུད་ཁང་གསར་དུ་བཞེངས་པའི་སྦྱིན་བདག་སྡེ་པ་ཡུལ་རྒྱལ་ནས་གནང་བས་དེ་དུས་མཆོད་ཡོན་ལེགས་ལམ་དུ་ཡོད་སྣང།ལོགས་རིས་རབ་གནས་བཅས་པ་གྲུབ་པར་མཛད།རྒྱུད་ཀྱི་འཆད་ཉན་ཡང་དེ་དུས་གོང་འཕེལ་དུ་སོང།ཕྱི་མིག་ལུང་དུ་གར་ཐིག་དབྱངས་གསུམ་དང།གཞི་གསུམ་གྱི་ཕྱག་ལེན་གཙོ་བོར་མཛད་ཅིང།རིམ་ལྔའི་དམར་ཁྲིད་ཟླ་བའི་བར་དུ་བསྒོམ་པར་མཛད་པས་གྲུབ་པ་ཐོབ་པ་ཡང་འགའ་ཞིག་བྱུང་སྣང།

སྐབས་དེར་སྡེ་པ་སྐྱིད་ཤོད་པའི་ཕྱག་གཡོག་ཞིག་རྒྱུད་པར་མགོ་བཏགས་ཞུས་པ་སྡེ་པ་གཡུལ་རྒྱལ་པས་ཕར་གཏོང་དགོས་ཟེར་བར་འདིས་སྲོག་སྐྱོབ་ཏུ་ཕེབས་པས་ཤོད་ཀྱི་སྒོ་ཡན་ལ་མ་བཏང་བར་ཞག་གསུམ་སྒུག་ཀྱང་མ་བཏང་བས་རྗེ་འདི་ཁྲོས་ནས་མི་གཅིག་གི་སྲོག་མི་སྟེར་ན་མཆོད་ཡོན་དང་བླ་མ་དེ་གས་ཆོགདེ་རིང་ནས་ཁྱོད་རྣམས་དམ་ཉམས་ཡིན་ཞེས་དབུ་ཞྭ་གཡབ་སྡེབས་དང་དམོད་པ་མཛད།རྗེས་སུ་སྡེ་སྲིད་ཀྱང་ཡུལ་ས་ཤོར་ཏེ་མཐར་འཁྱམས་དགོས་པ་དང་འོ་བརྒྱལ་ནས་གཤེགས།བུ་ཚ་ཡང་རྒྱུད་ཐམས་ཅད་ལ་མི་ཤིས་པ་མང་པོ་བྱུང་ནས་རྒྱུད་པ་གཉིས་དང་ཆེན་པོ་དུ་མས་ཀྱང་རིམ་གྲོ་བྱས་ཀྱང་བཟློག་མ་ཐུབ།སྐབས་དེ་ཙམ་ན་བླ་མ་མཁས་སྙན་ཆེ་བ་མང་ཡང་རྗེས་སུ་རྗེ་ཡབ་སྲས་ཀྱི་གསུང་རབ་དང་བསྟུན་ན་རྗེ་འདིའི་གསུང་བཤད་རྣམས་ཟླ་མེད་པ་ཡིན་ཞེས་འཁོན་སྟོན་པ་སོགས་ཀྱིས་བསྔགས་པར་མཛད་སྣང།

པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བླ་མ་འདི་ཡིི་དུས་རྒྱུད་གྲྭ་དང་ལྷན་དུ་དགའ་ལྡན་དུ་གསང་འདུས་བསྐྱེད་རྫོགས་གསན་པ་དང།ཚལ་ཆོས་གྲྭར་འགྲེལ་པ་གསན་པ་དང།དེའི་སྐབས་གསུང་ཆོས་གསན་པའི་ཁྲི་ཆོས་གྲྭ་ན་ཡོད་ཅིང།དེ་དུས་པཎ་ཆེན་རིན་པོ་ཆེས་འཛུགས་པར་མཛད་པའི་ཁམ་སྡོང་དང་ཤུག་པའི་སྡོང་པོ་དེ་དག་ཕྱིས་སུ་ཡང་གྲྭ་རྒན་རྣམས་ཀྱིས་སྟོན་གྱིན་ཡོད་ཅེས་ཀུན་མཁྱེན་བླ་མས་གསུངས།

དེ་ལྟར་གཙང་དང་དབུས་ཀྱི་རྒྱུད་པ་གཉིས་དང།དཔལ་འཁོར་ཆོས་སྡེ་ལ་སོགས་པས་གྲྭ་ཚང་རྣམས་སུ་བསྟན་པའི་བྱ་བ་དང་ལེགས་བཤད་མང་པོ་མཛད་པའི་མཐར།དགུང་གྲངས་རེ་གཉིས་པ་ཆུ་ཕོ་སྟག་གི་ལོ།ཕྱི་ལོ་༡༦༠༢ཟླ་བ་༡༢ཚེས་༢༤ཉིན་དགའ་ལྡན་དུ་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དྲུང་དུ་གཤེགས་སོ།།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)