རྒྱུད་སྨད་བླ་མ་དབུ་མཛད་ཟུར་པ་བློ་གླིང་དགེ་བཤེས་བློ་བཟང་ཚུལ་ཁྲིམས་མཆོག་ནི། སྤྱི་ལོ་ ༡༩༥༣ ལོར་ལ་དྭགས་ཟངས་དཀར་དུ་ཡབ་ཕུན་ཚོགས་དཔལ་བཟང་དང་ཡུམ་སྒྲོལ་མ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྤྱི་ལོ་ ༡༩༧༣ ལོར་འབྲས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདུས་ཚོགས་ཀྱི་དམ་གཟིགས་དང་རྩོད་རྒྱུགས་དབུ་བཞུགས་སྐབས་དམ་བཅའ་ཐེངས་མང་བཞུགས། ཞོར་དུ་སློབ་གཉེར་བ་གང་མང་ལ་དཔེ་ཁྲིད་ཀྱང་གནང། སྤྱི་ལོ་ ༡༩༩༤ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཞལ་སྔ་ནས་ཀུན་བདེ་གླིང་རྟ་ཚག་རིན་པོ་ཆེ་མཆོག་གི་ཡོངས་འཛིན་དུ་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་དགོངས་དོན་ལྟར། རིན་པོ་ཆེར་སྐུ་ཡོན་འབུལ་རྒྱུ་སོགས་ཐུགས་འགན་བཞེས། དགེ་ལུགས་རྒྱུགས་སྤྲོད་དུ་རིམ་ཕེབས་ཀྱིས་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་། དགེ་བཤེས་དམ་འཇོག་གནང་རྗེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གསང་སྔགས་ཀྱི་གཞུང་ལ་གསན་བསམ་མཛད་པ་དང་། སྤྱི་ལོ་ ༢༠༡༤ དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མའི་ཕྱག་རྟགས་ཕེབས་པ་ལྟར། ལོ་དེ་ཉིད་དུ་བླ་མའི་ཁྲི་སྟོན་གནང་སྟེ་སྨད་རྒྱུད་པའི་རྡོ་རྗེ་སློབ་དཔོན་གྱི་ཐུགས་འགན་བཞེས་ཀྱང་། སྤྱི་ལོོ་ ༢༠༡༦ ལོར་བླ་མ་དབུ་མཛད་ཀྱི་མཛད་ཁུར་བཞེས་བཞིན་དུ་སྨན་བཅོས་རིམ་གྲོ་གང་གིས་ཀྱང་སྙུང་གཞི་དྭངས་བསྐྱེད་མ་བཞེས་པར་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དམ་པ་འདི་དགོངས་པ་མ་གཤེགས་པའི་སྔོན་ཙམ་ལ། སྐུ་ཚེ་མ་བརྟན་པ་བྱུང་ན་སྐུ་དམར་གདུང་དུ་བཞུགས་སུ་གསོལ་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ལྟར། སྐུ་དམར་གདུང་དུ་བཞེངས་ཏེ་སྐལ་ལྡན་རྣམས་ཀྱི་དད་པའི་གསོས་སུ་བཞུགས་པ་ལགས་སོ། །