༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༣༡ ཉིན་ཧོན་སུར་རབ་རྒྱས་གླིང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་
ཟུང་འབྲེལ་གོ་སྒྲིག་འོག །བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་ ༡༢ པའི་མཇུག་བསྡོམས་མཛད་སྒོར་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཆེད་ཕེབས་གནང་ཡོད།
མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་ངག་དབང་སངས་རྒྱས་མཆོག་དང་། གཞན་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། ཧོན་སུར་ས་གནས་འགོ་འཛིན་ནོར་བུ་ཚེ་རིང་ལགས་བཅས་ཆེད་ཕེབས་གནང་ཡོད།
དེ་ཡང་ཐོག་མར་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་རྣམ་པས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་སྐུ་ཕྱག་དང་མཇལ་དར་ཕུལ་ཏེ་བཞུགས་གྲལ་དུ་འཁོད་མཚམས། དགེ་ལས་སློབ་ཕྲུག་ཡོངས་ནས་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས།
དེ་ནས་དགེ་ཆེ་སྔགས་རམས་པ་རྒན་ཡོན་ཏན་ནོར་བུ་ལགས་ནས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་དང་ཟླ་དྲུག་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས། སློབ་ཕྲུག་རྒན་བདག་ཟླ་བ་བསྟན་འཛིན་ལགས་ནས་ཟླ་བ་དྲུག་རིང་གི་ཟབ་ཁྲིད་མྱོང་ཚོར་གསུངས་རྗེས། ཉེ་ཆར་རྒྱུགས་སྤྲོད་སྐབས་ངག་རྒྱུགས་གཏམ་བཤད་ལེགས་གྲས་སློབ་ཕྲུག་གཉིས་ནས་དེ་སྔོན་གཏམ་བཤད་ཀྱི་བརྗོད་གཞི་དེ་ཉིད་ཐོག་མཛད་སྒོའི་སྐབས་སླར་ཡང་གཏམ་བཤད་གནང་།
སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱུགས་སྤྲོད་རྩེ་ཕུད་གསུམ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ནས་ཉེ་བའི་རྩེ་ཕུད་གསུམ་ལ་བྱ་དགའ་གནང་ཡོད། དེ་ནས་རིམ་པས་ཆོས་རིག་དྲུང་ཆེ་ནས་ཟབ་ཁྲིད་མཐར་སོན་གྱི་ཕྱག་འཁྱེར་དང་། ཧོན་སུར་ས་གནས་འགོ་འཛིན་ནས་ཡིག་རྒྱུགས་གྲུབ་འབྲས་ཀྱི་ཨང་ཤོག་གནང་རྗེས་ཆོས་རིག་དྲུང་ཆེ་ནས་ཆོས་རིག་ལས་ཁུངས་ངོས་ནས་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་དགེ་ལས་རྣམ་པར་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་རྟགས་ཕུལ་ཡོད། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སློབ་སྤྱི་དགེ་བཤེས་སྔགས་རམས་པ་རྒན་བསོད་ནམས་དངོས་གྲུབ་ལགས་ཀྱིས་སློབ་ཕྲུག་ཡོངས་ལ་སྟོང་མིན་ཙམ་གྱི་ཕྱག་རྟགས་རེ་དང་། སློབ་ཕྲུག་བུའི་རྒན་བདག་ཟླ་བ་བསྟན་འཛིན་ལགས་དང་། བུ་མོའི་རྒན་བདག་བསྟན་འཛིན་སྒྲོལ་མ་གཉིས་ལ་ཐུགས་རྗེ་ལེགས་གསོལ་གནང་།
དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སློབ་སྤྱི་དགེ་བཤེས་སྔགས་རམས་པ་རྒན་བསོད་ནམས་དངོས་གྲུབ་ལགས་ནས་ལས་འཆར་དང་འབྲེལ་བའི་གསུང་བཤད་གནང་རྗེས། ཧོན་སུར་ས་གནས་འགོ་འཛིན་དང་ཆོས་རིག་དྲུང་ཆེ་རྣམ་གཉིས་ནས་ཟབ་ཁྲིད་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ནས་དེང་རབས་ན་གཞོན་ཚོའི་ཤེས་ཡོན་དང་ལྷག་བསམ་གལ་གནད་དང་འབྲེལ་བའི་གསུང་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་ནས་ཚེ་འདི་ཕྱི་གཉིས་ལ་ཕན་པའི་ལམ་སྟོན་གསུང་བཤད་གནང་།
མཐར་ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་སྡེ་འགན་བསྟན་འཛིན་ཟླ་བ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་རྗེས་སྐུ་མགྲོན་ལྷན་རྒྱས་དང་དགེ་ལས་སློབ་ཕྲུག་ཡོངས་ལྷན་དུ་མཉམ་པར་བསྒྲོན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་བཤུས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༢།༣༡ ལ།
