གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་མཆོག་དང་། སྐུ་ཞབས་བླ་མ་རྣམ་གཉིས་དབུ་བཞུགས་ཐོག །ལས་ཀྱི་སྣེ་མོ་བ་ཡོངས་འཛོམས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཆུང་སྲིད་ཀྱི་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་སོང་།
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༤ ཚེས་ ༢༥ ཉིན་གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་སྤྱི་ལས་ཚོགས་ཁང་དུ། སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་གི་དབུས་ལས་ཀྱི་སྣེ་མོ་བ་ཡོངས་ཚང་འཛོམས་ཀྱིས་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་སོ་ལྔ་འཁོར་བའི་འཁྲུངས་སྐར་སྲུང་བརྩི་གནང་།
དེ་ཡང་ཡིག་ཐོག་འཚམས་ཞུའི་ནང་དུ་འཁོད་པ་ནི། བསྟན་འགྲོ་སྤྱི་དང་ལྷག་པར་བོད་གངས་ཅན་པར་བཀའ་དྲིན་ཟླ་མེད། ནུབ་ཕྱོགས་བདེ་ལྡན་ཞིང་མགོན་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་གང་དེའི་སྐུའི་ཕྲེང་བ་བཅུ་གཅིག་པ་ཆེན་པོ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའི་ཞལ་སྔ་ནས། བསྟན་འགྲོའི་མགོན་དཔུང་དམ་པར་བོད་གངས་ཅན་གྱི་ལྗོངས། ནག་ཆུ་ཁར་སྤྱི་ལོ་ ༡༩༨༩ སྤྱི་ཟླ་ ༠༤ ཚེས་ ༢༥ དགེ་བར་གཟུགས་སྐུ་མཚན་དཔེའི་མེ་ཏོག་བཞད་ནས་བགྲང་བྱ་ ༣༥ འཁོར་བའི་འཁྲུངས་སྐར་གྱི་དགའ་སྟོན་རྟེན་འབྲེལ་བཟང་པོར། འདི་ག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མཁན་བླ་ལས་སྣེ་འདུས་མང་དང་བཅས་པས་དགའ་དད་སྤྲོ་བའི་ཡིད་ཀྱི་འོ་མཚོ་གྱེན་དུ་འཕྱུར་ཞིང་། ལག་ཟུང་པདྨོ་སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཀོད་དེ། གུས་འཚམས་དང་བཀྲ་ཤིས་བདེ་ལེགས་ཞུ། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་མོར་དབུས་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་སྲུང་བརྩི་ཞུ་གནང་མཛད་པ་དང་། འཛམ་གླིང་ཁྱོན་ཡོངས་ཀྱི་ལུགས་ཟུང་ཚོགས་སྡེ་བརྒྱ་ཕྲག་དུ་མས་སྲུང་བརྩི་གནང་བ་ལྟར། འདི་ག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཀྱང་སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་ལས་སྣེ་ལྷན་འཛོམས་གནང་སྟེ་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་འཚོགས་ཏེ་སྲུང་བརྩི་ཞུས་གནང་ཡོད། འཛམ་གླིང་ནང་ཉེས་མེད་ཆབ་སྲིད་བཙོན་པ་ཆེས་དགུང་ན་ཆུང་ཤོས་ལྟ་བུ་ཆགས་ཏེ་ད་ཆ་ལོ་ངོ་དེ་ཙམ་ཕྱིན་ཀྱང་། ད་དུང་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་ཇི་ཡིན་མ་ངེས་པའི་ཆེས་ཡིད་གདུང་གི་གནས་བབ་འདི་ལས་གང་མྱུར་གྲོལ་ཏེ། སྐུ་ཚེ་མཛད་འཕྲིན་ཐུགས་བཞེད་ལྟར་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་འདུས་སྤྱིའི་ལས་ཁང་ནས།
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༤ ཚེས་ ༢༥ དགེ་བར། ཞེས་སོ། །
{gallery}../images/latest_news/tshams _phrin/year_2024/pan-chen-chung-srid-kyi-sku-khrungs-skar-srung-brtsi-gnang-04{/gallery}