སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༠༧ལོའི་ཟླ་༡ཚེས་༨ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་ཆེན་མོའི་སློབ་ཁང་གསར་པར་རབ་གནས་བྱིན་འབེབས་དང་དབུ་འབྱེད་བཀའ་དྲིན་བསྐྱངས་སོང་།
དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་ཆེན་མོའམ་རྒྱུད་སྨད་སློབ་གྲྭ་ནི། སྤྱི་ལོ་ ༡༩༨༢ ལོར་ཐོག་མར་ད་ལྟའི་དགའ་ལྡན་ཁྲི་བ་རི་རྗོང་རིན་པོ་ཆེ་མཆོག་མཁན་པོའི་སྐབས། ཐོག་མར་གསར་འཛུགས་བསྐྱངས་པ་དང།སྐབས་དེར་སློབ་ཁང་སོགས་གང་ཅིའི་མཐུན་རྐྱེན་ཐོག་སྐུ་ངལ་མང་པོ་ཞིག་བརྒྱུད་ནས་ཕེབས་དགོས་པ་བྱུང་ཡོད་འདུག་ལ།
སྤྱི་ལོ་ ༡༩༨༣ ༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་སྐབས། ཐུགས་དགྱེས་མཉེས་ཆེན་པོས་སློབ་ཚན་འཆར་གཞིའི་སྐོར་སོགས་ལམ་སྟོན་བཀའ་སློབ་ཟབ་མོ་གནང་བ་དང་། བཀའ་སློབ་ཕེབས་དོན་བཞིན་སློབ་གྲྭ་རྒྱ་བསྐྱེད་ཕྲན་བུ་བྱས་ཏེ་སྤྱི་ལོ་ ༡༩༨༣ ལོའི་ཟླ་དྲུག་པར་སྐབས་དེའི་བླ་མ་དབུ་མཛད་ད་ལྟའི་བྱང་རྩེ་ཆོས་རྗེ་མཆོག་དང། ཕྱག་མཛོད་འཆི་མེད་རྡོ་རྗེའི་སྐབས། ས་གནས་གཞིས་འགོ་བཀྲིས་ནོར་བུ་ལགས་ནས་སློབ་གྲྭ་དབུ་འབྱེད་གནང་སྟེ་འཛིན་ཁང་ཁང་མིག་བཞི་ཅན་ཞིག་བསྐུན།
སྤྱི་ལོ་ ༡༩༩༨-༡༩༩༩ ལོར་འདི་གའི་སྔགས་རམས་པ་བཀྲིས་ཀྱིས་སྐབས་དེའི་མཁན་རིན་པོ་ཆེ་འཕྲིན་ལས་སྟོབས་རྒྱས་མཆོག་གིས་དབུས་ཆོག་གྲྭ་བཅས་བི་ཏི་ནམ་སོགས་སུ་ཕྱི་བསྐྱོད་ཀྱིས། སློབ་ཁང་དང། སློབ་ཚན་འཆར་གཞི་སོགས་ལེགས་བཅོས་གནང་སྟེ་སློབ་གྲྭའི་གནས་སྟངས་གོང་འཕེལ་དུ་ཕྱིན་ཡོད།
སྤྱི་ལོ་ ༢༠༠༤ ལོར་སྔགས་རམས་པ་སློབ་སྤྱི་ཚེ་རིང་བཀྲིས་ཀྱི་སྐབས། མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་དབུས་ཆོག་གྲྭ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕྱི་བསྐྱོད་ཀྱིས་མཐུན་རྐྱེན་དགེ་སྐུལ་ཞུས་འབྲས། སློབ་ཁང་དང། ལས་ཁུངས། ལས་ཤག་སོགས་གསར་སྐྲུན་ཞུས་པ་དང་ཆབས་ཅིག།སློབ་ཚན་ལེགས་བཅོས་དང། སློབ་གྲྭའི་མཚན་བྱང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་ཆེན་མོ། ཞེས་པར་མིང་འགྱུར་གནང་བ་སོགས་སྔར་ལྷག་ཡར་རྒྱས་སུ་ཕྱིན། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་གྲྭ་ཚང་དུ་ཆིབས་བསྒྱུར་དང་སྟབས་བསྟུན་གྱིས། སྤྱི་ལོ་ ༢༠༠༧ སྤྱི་ཟླ་ ༠༡ ཚེས་ ༢༨ ཉིན་སློབ་ཁང་དབུ་འབྱེད་མཛད་དང་རབ་གནས་བྱིན་འབེབས་བཅས་བཀྲིན་བསྐྱངས་ཡོད།
སྤྱི་ལོ། ༢༠༡༠ སྤྱི་ཟླ་ ༠༥ པ་ནས་སློབ་སྤྱི་བློ་བཟང་དམ་ཆོས་ཀྱི་སྐབས་ཀྱང་ལོ་རེའི་སློབ་གཉེར་གྱི་འཆར་འཕར་ལས་འཆར་ཁག་དང། འཛིན་སྐྱོང་གི་ལས་དོན་རྣམས་མུ་མཐུད་གོང་འཕེལ་ངང་འཛིན་སྐྱོང་གནང་བཞིན་པའི་ཐོག །སློབ་གཉེར་ལ་ལྷག་པར་བོགས་འདོན་ཆེད་དུས་ནས་དུས་སུ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་བགྲོ་གླེང་གི་ཚུགས་འདུ་གོ་སྒྲིག །གངས་ཅན་རིག་གནས་སློབ་གྲྭའི་ལས་དོན་ཁུར་དུ་བབ་པ་ལྟར་ཐབས་ཤེས་གང་ཡོང་ཐོག་འཛིན་སྐྱོང་བྱེད་ཅིང། དེང་ཚན་རིག་དང་ནང་ཆོས་གྱི་འབྲེལ་བའི་གནས་བབ་གལ་ཆེར་གྱུར་པར་བརྟེན་འདི་ལོ་སྤྱི་ཟླ་ ༠༤ པའི་ནང་ཚན་རིག་གི་ཟབ་སྦྱོང་དང་འབྲེལ་ཚན་རིག་གི་འཛིན་གྲྭ་གསར་འཛུགས་ཞུས་པ་སོགས་སྐབས་འབྲེལ་ཞུ་བྱ་རྣམས་ལེགས་པར་ཞུ་བཞིན་ཡོད་འདུག །
ད་ལྟའི་སློབ་གཉེར་ཁང་འདིར་སློབ་གཉེར་བ་ཞལ་གྲངས། ༢༨༠ སྐོར་ཡོད་ཁོངས་ཧི་མ་ལ་ཡའི་རི་རྒྱུད་དང་། སོག་པོ། བལ་པོ་དང་འབྲུག་བཅས་ནས་ཡོད་པས། སློབ་ཚན་བསྡུས་ཆུང་ནས་བཟུང་ནང་དོན་རིག་པའི་གཞུང་ཆེན་ཁག་དང། ཆོ་ག་ཕྱག་ལེན། བོད་ཀྱི་རིག་གནས། ཨིན་ཇི། ཚན་རིག་བཅས་ལ་ལོ་ངོ་བཅུ་བཞི་རིང་སློབ་སྦྱོང་གནང་སྟེ་ཐ་མ་སྔགས་རམས་ཐོན་ཏེ་ཕྱག་ཁྱེར་གནང་བཞིན་ཡོད་འདུག །