ཤེས་རབ་སྙིང་པོའི་བསྡུས་འགྲེལ།

སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ།

ཤེས་རབ་སྙིང་པོ་ནི། ནང་པའི་དགོན་པ་ཀུན་གྱི་ཚོགས་འདོན་དང་། ཁ་ཏོན་བྱེད་མཁན་ཡང་མང་པོ། ཚང་མའི་བློ་ལ་ཡོད་པ་ཞིག་རེད། དེ་ཡང་བཅོམ་ལྡན་འདས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་ཞུགས། འཕགས་པ་སྤྱན་རས་གཟིགས་ཀྱང་སྟོང་པ་ཉིད་ལ་བལྟས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གསུང་ཚུལ་གྱི་མན་ངག་གླེང་གཞིས་བསྡུས་པ་རྣམས་ཏདྱ་ཐཱ་ཞེས་པས་བསྟན། སྐུ་གསུང་ཐུགས་གསུམ་གྱི་བདག་ཉིད་ཨེ་ཝཾ་གྱི་དོན་མཐར་ཐུག་པ་གླེང་གཞིའི་ཁོངས་ན་གནས་པ་དེ་ཉིད་ཨོཾ། ཞེས་པས་བསྟན། ཤཱ་རིའི་བུ་རིགས་ཀྱི་བུའམ། ཞེས་པ་ནས། རྣམ་པར་བལྟ་བར་བྱ། ཞེས་པའི་བར་གྱི་སྦས་དོན་ཚོགས་སྦྱོར་གཉིས། ག་ཏེ་ག་ཏེ་ཞེས་པས་བསྟན། ཕུང་པོ་ལྔ་པོ། ཞེས་པ་ནས། མ་ཐོབ་པའང་མེད། ཅེས་པའི་བར་སྦས་ནས་བསྟན་པའི་མཐོང་ལམ་དེ། པཱ་ར་ག་ཏེ། ཞེས་པས་བསྟན། དེ་ལྟ་བས་ན། ཞེས་སོགས་ཀྱི་སྦས་དོན་གྱི་སྒོམ་ལམ་དེ་པཱ་ར་སཾ་ག་ཏེ། ཞེས་པས་བསྟན། དུས་གསུམ་དུ། ཞེས་སོགས་ཀྱི་སྦས་དོན་གྱི་མི་སློབ་ལམ་དེ་བོ་དྷི། ཞེས་པས་བསྟན། སྭཱ་ཧཱ་ནི། གཞི་ཚུགས་ཞེས་བརྟན་པར་བྱེད་པའི་དོན་ཏེ། ལམ་ལྔའི་ཉམས་ལེན་གྱི་སྒོ་ནས་ཐོག་མའི་ཨོཾ་གྱི་མཚོན་དོན་དེ་སྒྲུབ་པར་བྱེད་པ་ལ། ཐུན་མོང་གི་དབང་དུ་བྱས་ན། སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མ་གཏོང་དང་། །ཞེས་པ་ལྟར་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་གཞི་ཚུགས་པར་བྱེད་པ་དང་། རྒྱུད་སྡེ་འོག་མར་སྦྱར་ཚེ་ཟབ་པ་སྟོང་ཉིད་དང་། གསལ་བ་ལྷའི་འཁོར་ལོ་ཟུང་འཇུག་གི་གཞི་ཚུགས་པར་བྱེད་པ་དང་། བླ་མེད་ལྟར་ན་ལྷན་སྐྱེས་ཀྱི་བདེ་ཆེན་དང་སྟོང་པ་དབྱེར་མི་ཕྱེད་པའི་གཞི་ཚུགས་པར་བྱེད་དགོས། སྔགས་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། ཞེས་སོགས་གསུངས་པ་ནི། དོན་དམ་རྟོགས་པར་བྱེད་པ་དང་། མ་རིག་པ་སྤོང་བ་དང་། གཟིགས་ཚུལ་དེ་ལས་གོང་ན་མེད་པ་དང་། མི་མཉམ་པ་སངས་རྒྱས་སམ་ནམ་མཁའ་དང་མཉམ་པར་བྱེད་པ་དང་། སྡུག་བསྔལ་མ་ལུས་པ་ལས་སྐྱོབ་པ་སོགས་དོན་གཅིག་བུ་ལ་སྒོ་དུ་མ་ནས་བསྔགས་འོས་ཡིན་ནོ། །རྒྱས་པར་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་སྦས་དོན་གསལ་བ་ལས་ཤེས་པར་བྱའོ། །

འདིའི་སྔགས་ལ་གསུམ་ཡོད་དེ། གཟུངས་སྔགས་དང་། གསང་སྔགས་དང་། རིག་སྔགས་གསུམ་ཡོད། དེ་ཡང་ཐབས་ཤེས་ཀྱིས་ངན་འགྲོ་སོགས་ལས་ཡིད་སྐྱོབས་པས་གཟུངས་སྔགས། མ་རིག་པ་སྤོང་ཞིང་རིག་པ་སྐྱེད་པས་རིག་སྔགས། དེ་བཞིན་གཤེགས་པའི་གསང་བ་སྟོན་པས་གསང་སྔགས་ཅེས་བཤད། ཤེས་རབ་སྙིང་པོའི་དོན་ལ་གསུམ་ཀ་ཚང་ངོ་། །བྱང་ས་དང་། རྟོག་གེ་འབར་བ་དང་། ཐུབ་དགོངས་དང་། ལེགས་བཤད་གསེར་ཕྲེང་རྣམས་ལས་རྒྱས་པར་ཤེས་པར་བྱའོ། །ཤེས་རབ་སྙིང་པོས་ནི་མདོ་སྔགས་གཉིས་ཀའི་ལམ་ཀྱི་རིམ་པ་ཆ་ཚང་བསྟན་པ་ཡིན་ནོ། །

འབྲས་སྒོ་མང་མཁན་ཟུར་ངག་དབང་ཉི་མའི་གསུང་ལས་དྲངས།

༄༅། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། །

 ༈ རྒྱ་གར་སྐད་དུ། བྷ་ག་བ་ཏི་པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། །བམ་པོ་གཅིག་གོབཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །        ། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)