ཚེ་རིང་རྣམ་དྲུག་གི་མཚོན་དོན་འགྲེལ་བཤད།

གནའ་བོའི་དུས་སུ་རྣམ་དག་བདེ་ཆེན་གྱི་ཚལ་ཞེས་བྱ་བའི་ཡུལ་ཞིག་ཏུ། དབེན་ཞིང་ཉམས་དགའ་བ་སྤྲུལ་པའི་བཟོ་བོས་བྱས་པ་བས་ཀྱང་ཆེས་ཆེར་མཛེས་པའི་ཡུལ་དེའི་དབུས་སུ། བསྐལ་པ་ཆགས་པའི་ཐོག་མར་བྱུང་བའི་བྲག་རི་དུང་དཀར་གཡས་སུ་འཁྱིལ་བའི་རྣམ་པ་ཅན། སྲིད་པའི་འཇིག་པ་ལའང་ཅི་མི་སྙམ་པ་ལྟར་བརྗིད་ཅིང་རབ་ཏུ་བརྟན་པ་རྡོ་རྗེ་ཆོས་སུ་གྲུབ་པ། སངས་རྒྱས་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའི་གནས། རྩེ་མོ་ནམ་མཁའ་ལ་བསྙེགས་པ། སྐྱེ་བོ་ཕལ་པ་རྒྱུ་བའི་སྐབས་དང་བྲལ་ཞིང་འཆི་མེད་ཚེའི་སྒྲུབ་ཆུ་རྒྱུན་དུ་འབབ་པ་ཞིག་ཡོད་པ་དེ་ནི་བྲག་ཚེ་རིང་པོ་དང་།

དེ་ལྟ་བུའི་བྲག་རི་དེའི་དྲུང་དུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་ཤིང་། འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས་པ། དབེན་པའི་གནས་དེར་མི་ལོ་སྟོང་ལ་ཉེ་བར་བསྒོམས་པས་འབྱུང་བ་བཞི་ལ་རང་དབང་ཐོབ་པའི་རིག་འཛིན་གྱི་དྲང་སྲོང་ཆེན་པོ། སྨ་ར་དང་སྨིན་མ་དུང་ལྟར་དཀར་ཞིང་རིང་ལ་དཔྲལ་བའི་དབུ་སྐྲ་བྱི་བ། ཞལ་རས་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་ཀ་པེད་ཀྱི་ཚེ་བུམ་དར་གྱི་མགུལ་ཆིངས་ཅན་གྱིས་བརྒྱན་པའི་ཕྱག་འཁར་འཛིན་པ། གཡོན་དུ་མི་ལོ་སྟོང་ལས་སྨིན་པའི་ལྷའི་ཁམ་བུ་བསྣམས་ཏེ་སྦྱིན་པའི་ཚུལ་གྱིས་བཞུགས་པ་དེ་ནི་མི་ཚེ་རིང་པོ།

དྲང་སྲོང་དེའི་སྐུ་གསུང་ཐུགས་ཀྱི་མཐུ་བྱིན་ལ་བརྟེན་ནས། རྒྱབ་ཀྱི་བྲག་རི་དུང་དཀར་གྱི་དབྱིབས་འདྲ་བའི་འཁྱིལ་ཁུག་ནས་རྒ་ཤི་མེད་པའི་བཅུད་ལེན། འཆི་མེད་བདུད་རྩིའི་རྒྱུན་མཆོག་ལྷུང་ལྷུང་གི་སྒྲ་དང་བཅས། འཛད་མེད་རྒྱུན་མར་འབབ་པའི་ཡན་ལག་བརྒྱད་ལྡན་གྱི་ཚེ་ཡི་སྒྲུབ་ཆུ་རྒྱུན་མི་ཆད་པར་སྐྱེ་དགུའི་ཚེ་སྲོག་འཚོ་བའི་གཉེན་དུ་འབབ་པ་དེ་ནི་ཆུ་ཚེ་རིང་པོ།

ཆུ་དེའི་བརླན་བཤེར་གྱིས་སྐྱེས་པའི་ཚེ་རིང་བའི་ལྗོན་པ་མྱ་ངན་མེད་པའི་ཤིང་རྩ་བ་ཤིན་ཏུ་བརྟན་ཅིང་ཡལ་ག་དང་ལོ་འདབ་རྒྱས་པ། མེ་ཏོག་གིས་མཛེས་ཤིང་རོ་མཆོག་བརྒྱད་ལྡན་གྱི་འབྲས་བུས་ཁུར་གྱིས་དུད་ཅིང་། འགྲོ་བ་ཀུན་གྱི་ཚ་གདུང་སེལ་བྱེད་ཀྱི་གཉེན་དུ་བརྗིད་པ། དེའི་གྲིབ་བསིལ་རེག་པའམ་འབྲས་བུ་མྱོང་བའི་སྐལ་བ་ཙམ་ཐོབ་ནའང་ཚེ་བསྲིངས་ཏེ་ཚེ་མཐར་ཕྱིན་པར་འགྱུར་པར་བཤད་པ་དེ་ནི་ཤིང་ཚེ་རིང་།


དྲང་སྲོང་དེའི་ཁྱམས་ཀྱི་ར་བ་ན། རྒྱུན་པར་ཟང་ཟིང་གི་སྦྱིན་པ་དང༌། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་གཡབ་མོ་ལ་བརྟེན་ནས། སྤུ་སྡུག་འདབ་ཆགས་ཚོགས་ཀྱང་འདུ་བར་གྱུར་པ་ལས། ལྷ་བྱ་ཁྲུང་ཁྲུང་གངས་ལ་ཟླ་བའི་འོད་ཕོག་པ་ལྟར་ཁ་དོག་མཛེས་ཤིང་བཟང་བ། མགྲིན་པ་དང་རྐང་པ་རིང་བ། དཀར་ནག་མངོན་པར་བཀྲ་ཞིང་རིན་ཆེན་གྱི་ཏོག་དམར་པོས་སྤྱི་གཙུག་བརྒྱན་པ་ཟུང་ཡོད་པ་དེ་ནི་བྱ་ཚེ་རིང་པོ།

དྲང་སྲོང་གང་དེའི་བཞུགས་གནས་དང་མི་རིང་བའི་སར། སྤང་ལྗོངས་གཡུའི་མེ་ལོང་འདྲ་བ་ལ་རི་དྭགས་རུ་རུའམ་ཤྭ་བ་རྭ་ལག་ཡོངས་སུ་རྒྱས་པ་ཡུ་མོ་དང་རྩེན་བཞིན་དུ་འགྲོགས་ཤིང༌། བག་ཕེབས་ཏེ་ཅི་དགར་རང་བྱུང་གི་རྩྭ་ཆུ་ལ་ལོངས་སྤྱོད་པ་དེ་ནི་རི་དྭགས་ཚེ་རིང་ངོ་། །ཐམས་ཅད་ཀྱང་གནས་དང་དྲང་སྲོང་གིས་བྱིན་མཐུ་ལ་བརྟེན་པ་ལས་ཚེ་རིང་བར་གྱུར་པས་ཚེ་རིང་རྣམ་དྲུག་ཏུ་བརྗོད་པ་ཡིན་ལ་ཚེ་རིང་རྣམ་དྲུག་གི་གཟུགས་བརྙན་གང་དུ་གནས་པ་དེར་མི་ཤིས་པའི་རྒུད་ཚོགས་སྤྱི་དང༌། ལྷག་པར་དུ་དུས་མིན་འཆི་བའི་འཇིགས་པ་འཇོམས་ཤིང༌། མངའ་ཐང་དང་ལོངས་སྤྱོད་གོང་ནས་གོང་དུ་འཕེལ་བ་དྲང་སྲོང་གི་བདེན་ཚིག་ལས་འགྲུབ་པར་བཤད་པས། ཚེ་རིང་རྣམ་དྲུག་གི་གཟུགས་བརྙན་དེ་ཚེ་བསོད་སོགས་རྒྱས་པའི་རྟེན་འབྲེལ་དུ་འདུ་ཁང་སོགས་ཀྱི་ཁྱམས་དང་ལོགས་སུ་འབྲི་སྲོལ་བྱུང་བ་ཡིན་ནོ། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)