བཀྲ་ཤིས་རྟགས་བརྒྱད་དང་དེའི་མཚོན་དོན་ངོ་སྤྲོད།

སྔོན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་སྐབས་ལྷའི་དབང་པོ་བརྒྱ་བྱིན་སོགས་ཀྱིས་སངས་རྒྱས་ལ་ཕུལ་བ་ལས་འབྲས་བུ་བཀྲ་ཤིས་པའི་དགེ་མཚན་མང་པོ་ཞིག་བྱུང་ཞིང་། སྟོན་པས་ཀྱང་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ལྟར་དེང་གི་བར་རྟགས་བརྒྱད་པོ་དེ་གངས་ཅན་པ་ཡོངས་ཀྱིས་གཙུག་ལག་ཁང་དང་། ཡོ་བྱད། གྲོང་ཁྱིམ། སྦྲ་གུར་སོགས་ཀྱི་སྟེང་དུ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་བརྙན་བྲིས་འབུར་སྣ་ཚོགས་བཀོད་སྲོལ་ཧ་ཅང་ཁྱབ་ཆེ་བ་དང་། དེ་ཡང་ཚེ་རིང་ནད་མེད། བཀྲ་ཤིས་ཀྱི་དགེ་མཚན་འཕེལ་བ་དང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་མཚོན་བྱེད་དང་རང་གཞན་གྱི་བསོད་ནམས་གསོག་པའི་སླད་དུ་མཆོད་པའི་རྫས་སུའང་སྤྱོད་ཀྱིན་ཡོད་ལ། དེས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་འཕྲིན་ལས་ཀྱི་ཡོན་ཏན་ཡང་མཚོན་པ་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་བཀྲ་ཤིས་བརྩེགས་པ་ལས། ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེ་འུ་གསལ། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་མངའ། །ཞེས་དང་། རྣམ་སྲས་ཀྱི་མངོན་རྟོགས་ལས། རིན་ཆེན་གདུགས་དང་གསེར་ཉ་དང༌། །གཏེར་ཆེན་བུམ་པ་པདྨ་བཟང༌། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །ཞེས་འབྱུང་ཞིང་། །འགྲེལ་བཤད་མཚོན་ཚུལ་རྒྱས་བསྡུས་ཅི་རིགས་མཆིས་པ་ལས།

༡ - གདུགས།

བརྒྱ་བྱིན་ལ་སོགས་པས་སངས་རྒྱས་ལ་ཕུལ་ཞིང་། སངས་རྒྱས་ཀྱི་དབུ་གདུགས་ལྟར་དུ་ཡོད་པ་དང་། ཚོགས་གཉིས་ཀྱི་མཚན་མ་མངོན་པ། ཁ་དོག་དཀར་པོ་དང་གསེར་གྱི་ཡུ་བ་ཅན། དར་སྣ་ཚོགས་ཀྱི་འཕུར་ལྡིང་གཡོ་ཞིང་། རིན་པོ་ཆེའི་ཏོག་གིས་བརྒྱན་པ། བྱེད་ལས་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་གྱི་ཉོན་མོངས་པའི་ཚ་གདུང་སེལ་བ་སྟེ། ཚེ་འདིའི་ནད་རིམས་སོགས་མི་མཐུན་པའི་འགལ་རྐྱེན་དང༌། ཕྱི་མ་ངན་སོང་དང་ལྷ་མིའི་སྡུག་བསྔལ་སོགས་འཕྲལ་ཡུན་གྱི་སྡུག་བསྔལ་ལས་སྐྱོབ་ཅིང༌། ཕན་བདེའི་གྲིབ་བསིལ་གྱི་དགའ་སྟོན་ཡངས་པོར་འཕེལ་བ་དང་། མཚོན་དོན་གཞན་ལ། ཡུ་བས་བཤད་སྒྲུབ་ཀྱིས་བྱ་བ་དང༌། ཤམ་བུས་སྡེ་སྣོད་གསུམ། ཏོག་གིས་བསླབ་པ་གསུམ། གྲིབ་བསིལ་གྱིས་སྡུག་བསྔལ་ཕྲ་རགས་ལས་སྐྱོབ་པ་བཅས་མཚོན་པའོ། །

༢ - གསེར་ཉ།

ཉ་རྣམས་ཆུ་མཚོར་འཇིགས་པ་མེད་ཅིང་ཅི་དགར་འཕྱོ་ཞིང་རྒྱུ་བ་ལྟར་རང་གཞན་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པའི་འཇིགས་པ་མེད་ཅིང༌། གཡང་རྣམས་ཉེས་པའི་སྐྱོན་སྤོང་པར་བྱེད་པ་དང་། བདེ་ནས་བདེ་བར་ཐོགས་མེད་དུ་རང་དབང་གིས་རྒྱུ་ཞིང་རྩེན་པའི་རྟེན་འབྲེལ་དང་། ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་གྱི་མཚོན་བྱེད་གཡུ་ཡི་འདབ་གཤོག་དང་ལྡན་པ། གསེར་མིག་སྒོར་ཞིང་མཛེས་ལ་འོད་འཁྱུག་པས་རང་གཞན་སྐྱེ་བོ་ཀུན་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ་དང༌། མཉེན་ཞིང་ལྕུག་པའི་ཉམས་འགྱུར་ཅི་ཡང་ངོམ་པ། ཉ་མོ་གསེར་གྱི་ཁྲབ་ཅན་གྱི་ལོ་རྒྱུས་ལྟར་བཀྲ་ཤིས་དང༌། རྒྱ་མཚོར་རོལ་པས་དམ་པའི་ཆོས་ལ་སྤྱོད་པ་དང༌། མྱུར་འཁྱུག་གིས་ཤེས་རབ་དང༌། གསེར་མདོག་ཅན་གྱི་མིག་གཉིས་འབུར་བས་བདེན་གཉིས་ཀྱང་མཚོན་པ་ཡིན་ནོ། །

༣ - བུམ་པ།

དེ་བཞིན་གཤེགས་པ་སངས་རྒྱས་རྣམས་ཀྱི་མགུལ་གྱི་རྣམ་པ་ཅན་ཏེ། བཀྲ་ཤིས་པའི་མཚན་མས་ཀུན་ནས་སྤྲས་ཤིང་། གཏེར་ཆེན་པོའི་གསེར་གྱི་བུམ་པའི་ནང་དུ་དྭངས་གསལ་འཆི་བ་མེད་པའི་བདུད་རྩིས་སམ། རིན་པོ་ཆེས་གང་བའམ། ཟད་མི་ཤེས་པའི་བཅུད་ཀྱིས་ཡོངས་སུ་གང་བ་ལྟར། སྐྱེ་རྒུ་ཐམས་ཅད་ཀྱི་རང་རྒྱུད་དམ་པའི་ཆོས་ཀྱི་བདུད་རྩིའི་བཅུད་ཀྱིས་གང་ནས་གདུལ་བྱའི་རྒྱུད་ཚིམས་པ་དང་། ཡང་ན་ཚེ་དཔལ་ལོངས་སྤྱོད་སོགས་ཁམས་གསུམ་གྱི་སྲིད་པ་དང་། ཞི་བའི་ཕྱྭ་གཡང་གི་འདོད་དགུ་ཐམས་ཅད་ཟད་མི་ཤེས་པ་འབད་མེད་དུ་འབྱུང་བའི་གཏེར་ཆེན་པོའི་བུམ་པས་རྣམ་པར་དཀར་པའི་བསོད་ནམས་ཀྱི་ཕུང་པོ་དང་། ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པ་དང་། ཅི་འདོད་འཆི་བ་མེད་པའི་ཚེའི་བདུད་རྩིར་གྱུར་པའི་རྟེན་འབྲེལ་མཚོན་པའོ། །

༤ - པདྨ། 

འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པར་ལྟར་བདག་སོགས་རྣམས་འཁོར་བར་གནས་ཀྱང་ལུས་ངག་ཡིད་གསུམ་མི་དགེ་བའི་ཉེས་སྐྱོན་གྱི་དྲི་མ་མཐའ་དག་དང་བྲལ་ཞིང༌། འཁོར་བའི་སྐྱོན་གྱིས་མི་གོས་པ། མཚོན་བྱེད་མེ་ཏོག་པདྨ་ཚོན་མདངས་ཀྱིས་རབ་ཏུ་མཛེས་ཤིང༌། དྲི་བཟང་པོ་ཕྱོགས་མེད་དུ་འཐུལ་བ། འདབ་སྟོང་རྣམ་པར་བཞད་ཅིང་མཉེན་ལྕུག་གི་ལོ་མ་རྒྱས་པ། ཚེ་རབས་ཀུན་ཏུ་རྫུན་ལ་སོགས་ངག་གི་མི་དགེ་བ་ཐམས་ཅད་ཡོངས་སུ་སྤངས་ཏེ་ཚིག་འཇམ་པོས་སྨྲ་མཁས་པ། དམ་པའི་ཆོས་ཀྱི་བདུད་རྩི་མྱངས་ནས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ལྗགས་པདྨ་ལྟ་བུ་འཐོབ་པར་བྱེད་ཅིང༌། རྣམ་དཀར་དགེ་བའི་འདབ་བརྒྱ་ལྷུག་པར་བཞད་དེ་གཏན་བདེ་ངེས་ལེགས་སྦྲང་རྩིའི་བཅུད་བཟང་ལྷུག་པར་འབྱུང་བའི་རྟེན་འབྲེལ་མཚོན་པའོ། །

༥ - དུང་དཀར་གཡས་འཁྱིལ།

བྱང་ཆུབ་སེམས་དཔའ་གཞན་དོན་དུ་སྐྱེ་བ་ལྔ་པ་བཞེས་པའི་དུང་དཀར་གཡས་འཁྱིལ་བུས་པའི་སྒྲ་སུས་ཐོས་ཀྱང་ངན་འགྲོར་མི་སྐྱེ་བའི་ཕན་ཡོན་དང༌། སྟོན་པ་ལ་ཆོས་འཁོར་བསྐོར་བར་བསྐུལ་བའི་རྟེན་དུའང་དུང་དཀར་བྱུང་བ་དང༌། སངས་རྒྱས་ཀྱི་ཚེམས་ཕྲེང་བཞི་བཅུའི་མཚན་མ་གསལ་ཞིང༌། ཚེམས་བར་ནས་དམ་པའི་ཆོས་དང༌། གསུང་དབྱངས་ཕྱོགས་བཅུར་སྒྲོག་པ། སྐྱེ་རྒུ་རྣམས་ལ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་དང་། དམ་པའི་ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་ཁྱབ་པའི་ཚངས་པའི་གསུང་དབྱངས་དང་། གདུལ་བྱའི་ཁམས་དབང་མོས་པ་དང་འཚམས་པའི་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་སྙན་པར་སྒྲོག་པས། འགྲོ་བ་རྣམས་མ་རིག་པའི་རྨོངས་གཉིད་ལས་སློང་ཞིང༌། རང་གཞན་གྱི་ཕན་བདེ་སྒྲུབ་པའི་བྱ་བར་བསྐུལ་བའི་རྟེན་འབྲེལ་ཡང་མཚོན་ནོ། །

༦ - དཔལ་བེའུ།

འཇའ་དང་འོད་ཀྱི་རང་བཞིན་ཅན་དང་། ལྟ་ན་སྡུག་པ་པ་ཏྲ་ལྟར་འཁྱིལ་བ་ཅན། སངས་རྒྱས་ཀྱི་ཐུགས་ཀྱི་མཚོན་བྱེད་དེ། དེ་ཡང་། ལམ་དུས་སུ་ཐབས་ཤེས་ཟུང་དུ་འབྲེལ་བ་དང་། སྟོང་དང་རྟེན་འབྱུང་འགལ་མེད་ཟུང་དུ་འབྲེལ་བ། འབྲས་བུ་སངས་རྒྱས་ཀྱི་དུས་སུ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་པ་དང་བརྩེ་བ་ཟུང་དུ་འཇུག་པ་དང་། ཐུགས་ཀྱི་ཡོན་ཏན་ཐམས་ཅད་ཀུན་ནས་རབ་ཏུ་རྫོགས་ཤིང་ཡེ་ཤེས་ལྔ་ཡི་དཔལ་དང་ལྡན་པ་མཚོན་པ་དང་། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱག་དང་ཞབས་དང་སྐུ་ཚིགས་སོགས་སུ་རི་མོ་འདིའི་མཚན་མ་འབྱུང་ཞིང་། རྟག་བརྟན་འཆི་བ་མེད་པའི་གོ་འཕང་སྟེ་ཐར་ལམ་ཡང་མཚོན་ལ། དཔལ་བེའུ་ནི་གཡུང་དྲུང་གི་རི་མོ་སྟེ། རྟག་བརྟན་འགྱུར་མེད་དང༌། ཚེ་རིང་འབྱུང་བའི་རྟགས་སམ་རྟེན་འབྲེལ་ཡང་མཚོན་པའོ། །

༧ - རྒྱལ་མཚན།

ལྷ་རྫས་ལས་གྲུབ་པའི་དར་ཚོན་སྣ་ལྔ་ལྷབ་ལྷུབ་དུ་གཡོ་ཞིང༌། དགོས་འདོད་ཀུན་ཏུ་འབྱུང་བའི་ནོར་བུ་རིན་པོ་ཆེ་ཏོག་གིས་མཛེས་པར་ཀུན་ནས་བརྒྱན་པ། རྒྱལ་བའི་མཚན་མ་སྟེ། ཁྱུང་དང་སེང་གེ་འདུས་པ་ལས་ཕྲུ་གུ་སེང་གེ་ཁྱུང་གི་གཤོག་པ་ཅན་དང་། དུང་དང་ཆུ་སྲིན་འདུས་པ་ལས་ཕྲུ་གུ་ཆུ་སྲིན་དུང་གི་མཇུག་མ་ཅན། ཉ་དང་སྲམ་འདུས་པ་ལས་ཕྲུ་གུ་ཉ་སྤུ་ཅན་ནམ་སྲམ་གྱི་སྡེར་མོ་ཅན་ཏེ་མི་མཐུན་དྲུག་སྦྱོར་གྱི་རྟགས་དང་ལྡན་པའམ་སྲོག་ཆགས་དེ་གསུམ་གྱི་རི་མོ་སོགས་དང་ལྡན་ལ། བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཀུན་ནས་རྒྱལ་ཏེ་ཐུགས་རྒྱུད་ལ་སྟོབས་རྣམས་དང་། སྐུ་ལ་མཚན་དཔེའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ནག་ཕྱོགས་བདུད་རིགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་མཚོན་པའོ། །

༨ - འཁོར་ལོ།

ལྷ་ཚངས་པས་སངས་རྒྱས་ལ་ཕུལ་ཞིང༌། དེ་བཞིན་གཤེགས་པའི་ཞབས་ཕྱག་གི་མཐིལ་དུའང་འཁོར་ལོའི་མཚན་མ་གསལ་བ་དང་། སྲིད་པའི་དྲ་བ་ཉོན་མོངས་རྩད་ནས་གཅོད་ཅིང༌། ཕ་རོལ་གྱི་རྒོལ་བ་ཟིལ་གྱིས་གནོན་པ། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། གཞན་སྟོབས་རྣམས་འཕྲོག་ཅིང་། རང་གི་དཔལ་དང༌ལོངས་སྤྱོད་སྙན་གྲགས་སོགས་བསྐྱེད་པ་མཚོན་པ་དང༌། རྒྱལ་བའི་ལུང་རྟོགས་ཀྱི་དམ་ཆོས་འཁོར་ལོ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུན་མི་ཆད་པར་འཁོར་ཞིང༌། ཐེག་གསུམ་གདུལ་བྱས་མཚོན་སྐྱེ་རྒུ་རྣམས་རྣམ་གྲོལ་དགེ་བའི་དཔལ་ཡོན་ལ་སྦྱོར་བ་སྟེ་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་པ། དེ་ཡང་བརྗོད་བྱ་འཁོར་ལོ་གསུམ་དང༌། རྗོད་བྱེད་སྡེ་སྣོད་གསུམ་ཐེག་གསུམ་གདུལ་བྱའི་རྒྱུད་ལ་འཕོ་བར་བྱེད་པའི་རྟེན་འབྲེལ་མཚོན་པའོ། །

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)