སྤྱིར་བསྐལ་པ་ལ་སྒྲོན་མེའི་བསྐལ་པ་དང་། མུན་པའི་བསྐལ་པ་གཉིས། སྒྲོན་བསྐལ་ལ་སངས་རྒྱས་འབྱུང་གི་མུན་བསྐལ་ལ་མི་འབྱུང་ངོ་། །སྒྲོན་བསྐལ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་ངམ་སྟོང་དང་ལྔ། དེ་ནས་མུན་བསྐལ་བསྐལ་པ་ཆེན་པོ་དྲུག་ཅུ་རྩ་ལྔ། དེ་ནས་སྒྲོན་བསྐལ་བསྐལ་པ་སྙན་པ་ཆེན་པོ་ལ་སངས་རྒྱས་ཁྲི་འབྱོན། དེ་ནས་མུན་བསྐལ་བརྒྱད་ཁྲི་འདས་པ་དང་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་བརྒྱད་ཁྲི་འབྱོན། དེ་ནས་མུན་བསྐལ་སུམ་བརྒྱ། དེ་ནས་སྒྲོན་བསྐལ་ཡོན་ཏན་བཀོད་པ་ཞེས་བྱ་བའི་བསྐལ་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་མདོ་སྡེ་བསྐལ་བཟང་ལས་བཤད་པ་ལྟར་རོ། །བུ་སྟོན་རིན་པོ་ཆེའི་དུས་འཁོར་ཆོས་འབྱུང་ལས་ཀྱང་གསུངས།
འོ་ན། བསྐལ་པ་དང་བསྐལ་ཆེན་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཞིག་ཡིན་ཞེ་ན། བསྐལ་པ་ཆེན་པོ་གཅིག་ལ། གནས་བསྐལ་ཉི་ཤུ། འཇིག་བསྐལ་ཉི་ཤུ། སྟོང་བསྐལ་ཉི་ཤུ། ཆགས་བསྐལ་ཉི་ཤུ་བཅས་བར་གྱི་བསྐལ་པ་བརྒྱད་ཅུ་ཡོད། བར་བསྐལ་གཅིག་གི་ཡུན་ནི། མངོན་པ་གོང་འོག་གཉིས་ཀར་རྐྱང་པ་གཉིས་དང་ཁུག་པ་བཅོ་བརྒྱད་དེ་ཉི་ཤུའི་ཡུན་ཚད་ལ་བར་གྱི་བསྐལ་པ་གཅིག་དང་། སའི་དངོས་གཞིར་རྐྱང་པ་མེད་པར་ཁུག་པ་ཉི་ཤུའི་ཡུན་ལ་བར་བསྐལ་གཅིག་ཏུ་བཤད་དོ། །མཛོད་ལས། མེ་ཆུས་འཇིག་པ་རེ་གསུམ་གྱི་རྗེས་སུ་རླུང་གིས་འཇིག་པར་བཤད་ལ། སའི་དངོས་གཞི་ལས། མེ་ཆུས་འཇིག་པ་ང་བདུན་གྱི་རྗེས་སུ་རླུང་གིས་འཇིག་པར་བཤད་དོ། །
རྒྱས་པར་བཤད་པ་ལ། འཇིག་བསྐལ་བཤད་པ། སྟོང་བསྐལ་བཤད་པ། ཆགས་བསྐལ་བཤད་པ། གནས་བསྐལ་བཤད་པ། བསྐལ་པ་དེ་བཞིའི་ཡུན་ཚད་མཉམ་པར་བཤད་པ། བསྐལ་པ་ཆེན་པོ་བཤད་པ་དང་དྲུག །དང་པོ་ནི། འཇིག་བསྐལ་བཞག་ཏུ་ཡོད་དེ། མནར་མེད་པའི་དམྱལ་བའི་སྲིད་པར་སེམས་ཅན་གསར་སྐྱེ་མེད་པ་ནས་མགོ་བརྩམས་ཏེ། བསམ་གཏན་དང་པོ་གསུམ་གྱི་གང་འཇིག་རྒྱུའི་སྣོད་ཀྱི་འཇིག་རྟེན་དེ་ཟད་པའི་བར་གྱི་བཅུད་ཀྱི་འཇིག་རྟེན་འཇིག་པའི་བར་བསྐལ་བཅུ་དགུ་དང་། སྣོད་ཀྱི་འཇིག་རྟེན་འཇིག་པའི་བར་བསྐལ་གཅིག་སྟེ་བར་བསྐལ་ཉི་ཤུ་ཡུན་ཚད་དེ་དེ་ཡིན་པའི་ཕྱིར། འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །ཞེས་སོ། །
གཉིས་པ་སྟོང་པའི་བསྐལ་པ་བཞག་ཏུ་ཡོད་དེ། མེས་འཇིག་པའི་དབང་དུ་བྱས་ན་སྟོང་གསུམ་གྱི་སྣོད་ཀྱི་འཇིག་རྟེན་ཟད་པ་ནས་བཟུང་སྟེ་ཚངས་ཆེན་གྱི་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས་པའི་བར་གྱི་བར་བསྐལ་ཉི་ཤུ་པོ་དེ་དེ་ཡིན་པའི་ཕྱིར། སྟོང་པའི་བསྐལ་པ་སྣོད་ཟད་ནས། །དང་པོ་རླུང་གི་བར་དུའོ། །ཞེས་པ་གཅིག་དོན་གྱིས་ཐོབ་པར་མཁས་པ་ཤེས་རབ་སྦྱིན་པས་བཤད་པའི་ཕྱིར།
གསུམ་པ་ནི། ཤེས་བྱ་ཆོས་ཅན། ཆགས་པའི་བསྐལ་པ་བཞག་ཏུ་ཡོད་དེ། མེས་འཇིག་པའི་དབང་དུ་བྱས་ན། བསམ་གཏན་དང་པོའི་འོག་གཞི་ཆགས་པར་རྩོམ་པའི་དང་པོར་རླུང་འཇམ་པོ་ལྡང་བ་དེ་ནས་ནི་བརྩམས་ཏེ། དམྱལ་བ་མནར་མེད་པར་སེམས་ཅན་གཅིག་སྲིད་པའི་བར་དུའོ་སྟེ་སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་། བཅུད་ཆགས་པ་ལ་བར་བསྐལ་བཅུ་དགུ་སྟེ་བར་བསྐལ་ཉི་ཤུའི་ཡུན་ཚད་དེ་དེ་ཡིན་པའི་ཕྱིར། ཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །ཞེས་སོ། །
བཞི་པ་གནས་བསྐལ་བཤད་པ་ལ། བར་བསྐལ་གྱི་ཚད་ཡ་ཐོག་རིང་མོ་བཤད་པ། བར་གྱི་ཁུག་པ་བཅོ་བརྒྱད་བཤད་པ། མཐའི་མ་ཐོག་རིང་མོ་བཤད་པ། ཡར་འཕེལ་བཅུ་དགུའི་མཚམས་བསྟན་པ། དེ་རྣམས་གནས་པའི་བསྐལ་པར་བཤད་པ་དང་ལྔ། དང་པོ་ནི། ཤེས་བྱ་ཆོས་ཅན། བར་བསྐལ་གཅིག་གི་ཡུན་ཚད་ཅན་གྱི་ཡ་ཐོག་རིང་མོ་ཡོད་དེ། མི་རྣམས་ཀྱི་ཚེ་ལོ་དཔག་མེད་ལས་འགྲིབ་པ་ནས་གཟུང་སྟེ་ཚེ་ལོ་བཅུ་པ་ལ་ཐུག་གི་བར་དུ་བྱུང་བའི་བར་བསྐལ་གཅིག་པོ་དེ་དེ་ཡིན་པའི་ཕྱིར། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །ཞེས་སོ། །
གཉིས་པ་ནི། ཤེས་བྱ་ཆོས་ཅན། བར་གྱི་ཁུག་པ་བཅོ་བརྒྱད་བཞག་ཏུ་ཡོད་དེ། ཚེ་ལོ་བཅུ་པ་ནས་ཡར་འཕེལ་ཏེ་བརྒྱད་ཁྲིའི་བར་དུ་སྐྱེ་བར་འགྱུར་པ་དང་། བརྒྱད་ཁྲི་ནས་མར་བྲི་སྟེ་ཚེ་ལོ་བཅུ་པར་གྱུར་པའི་བར་ནི་བསྐལ་པ་གཞན་ཏེ་བར་བསྐལ་གཅིག་ཡིན་ལ། དེ་ལྟ་བུ་བཅོ་བརྒྱད་ནི་བར་གྱི་ཁུག་པ་བཅོ་བརྒྱད་དུ་འཇོག་པའི་ཕྱིར། དེ་ནས་ཡར་སྐྱེ་མར་འབྲི་པའོ། །བསྐལ་པ་གཞན་ནི་བཅོ་བརྒྱད་དང་། །ཞེས་སོ། །
གསུམ་པ་ནི། ཤེས་བྱ་ཆོས་ཅན། མ་ཐོག་རིང་མོ་བཞག་ཏུ་ཡོད་དེ། ཁུག་པ་བཅོ་བརྒྱད་སོང་བའི་རྗེས་སུ་ཚེ་ལོ་བཅུ་པ་ནས་ཡར་བརྒྱད་ཁྲིའི་བར་དུ་སྐྱེས་པའི་བར་བསྐལ་གཅིག་གི་ཡུན་ཚད་ཅན་དེ་དེ་ཡིན་པའི་ཕྱིར། ཡར་སྐྱེ་བ་ནི་གཅིག་གི་ཡིན་ཏེ། །ཞེས་སོ། །
བཞི་པ་ནི། ཤེས་བྱ་ཆོས་ཅན། ཡར་འཕེལ་གྱི་ཚད་ཡོད་དེ། མི་དེ་དག་གི་ཚེ་ནི་ཡར་འཕེལ་བའི་ཚེ་ཚེ་ལོ་བརྒྱད་ཁྲིའི་བར་དུ་འཕེལ་བར་འགྱུར་ལ་དེ་ཡན་ཆད་དུ་མི་འཕེལ་པའི་ཕྱིར། ཐོག་མཐའི་རྐྱང་པ་རེ་རེ་དང་བར་གྱི་ཁུག་པ་རེ་རེ་ཡུན་ཚད་མཉམ་སྟེ། རྐྱང་པ་གཉིས་དལ་གྱིས་འགྲོ་བས་བུལ་ལ། ཁུག་པ་རྣམས་མགྱོགས་པར་འགྲོ་བས་དུས་མྱུར་བའི་ཕྱིར། དེ་དག་ཚེ་ནི་བརྒྱད་ཁྲིའི་བར། ཞེས་སོ། །
ལྔ་པ་ནི། ཤེས་བྱ་ཆོས་ཅན། སྔོན་དུ་བཤད་པ་དེ་ལྟར་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཟིན་ནས་གནས་པ་འདི་གནས་བསྐལ་ཡིན་ཏེ། ཡ་ཐོག་དང་ཁུག་པ་བཅོ་བརྒྱད་དང་མ་ཐོག་དང་བཅས་པའི་བར་གྱི་བསྐལ་པ་ཉི་ཤུར་གནས་པའི་གནས་བསྐལ་ཡིན་པའི་ཕྱིར། དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །ཞེས་སོ། །
ལྔ་པ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་ན་འཇིག་རྟེན་ཆགས་པའི་བསྐལ་པ་དང་ནི་གནས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དང་། ཞིག་ནས་འདུག་པའི་བསྐལ་པ་བཞི་ཡུན་ཚད་མཉམ་སྟེ། བར་བསྐལ་ཉི་ཤུར་ཆགས། བར་བསྐལ་ཉི་ཤུར་གནས། བར་བསྐལ་ཉི་ཤུར་འཇིག །བར་བསྐལ་ཉི་ཤུར་སྟོངས་ནས་འདུག་པའི་ཕྱིར། ཆགས་པ་དང་ནི་འཇིག་པ་དང་། །ཞིག་ནས་འདུག་པ་དག་མཉམ་མོ། །ཞེས་སོ། །
དྲུག་པ་བསྐལ་པ་ཆེན་པོ་བཤད་པ་ལ། དངོས་དང་། ཞར་ལ་གང་ཟག་གསུམ་གྱི་འབྱུང་ཚུལ་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། བསྐལ་ཆེན་བཞག་ཏུ་ཡོད་དེ། བར་གྱི་བསྐལ་པ་དེ་དག་བརྒྱད་ཅུའི་ཡུན་ལ་བསྐལ་ཆེན་དུ་འཇོག་པའི་ཕྱིར། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །ཞེས་སོ། །གཉིས་པ་ལས། སངས་རྒྱས་འབྱུང་ཚུལ། རང་སངས་རྒྱས་འབྱུང་ཚུལ། འཁོར་ལོས་བསྒྱུར་རྒྱལ་འབྱུང་ཚུལ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་འབྱུང་བའི་ཚུལ་ཡོད་དེ། བསྐལ་ཆེན་དེ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལ་བརྟེན་ནས་འབྱུང་བའི་ཕྱིར། དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ་། །ཞེས་སོ། །སྐབས་འདིའི་གྲངས་མེད་ནི་བགྲང་དུ་མི་ནུས་པའི་གྲངས་མེད་ལ་བྱེད་པ་མ་ཡིན་ཏེ། དེ་གྲངས་ཀྱི་གནས་དྲུག་ཅུའི་ནང་ཚན་གྱི་གྲངས་མེད་ཅེས་པའི་གྲངས་གཅིག་ལ་བྱེད་པའི་ཕྱིར།
འབྲས་སྒོ་མང་མཁན་ཟུར་ངག་དབང་ཉི་མའི་གསུང་ལས་དྲངས།