བྱ་རྒོད་ཕུང་པོ་རི་ནི། ས་ལུ་ལྗང་བའི་མདོ་ལས། བྲག་བྱ་རྒོད་ཀྱི་མགོའི་དབྱིབས་འདྲ་བར་ཡོད་པས་དེ་ལྟར་བཏགས་པར་གསུངས། ལོ་རྒྱུས་ཁ་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གྱི་མདོ་གསུངས་པའི་ཚེ་ཞིང་གཞན་ནས་བྱང་ཆུབ་སེམས་དཔའ་མང་པོ་བྱ་རྒོད་ཀྱི་རྣམ་པར་སྤྲུལ་ནས་ཆོས་ཉན་པར་འོངས་པས། བྱ་རྒོད་ཕུང་པོའི་རི་ཞེས་བཤད་པའང་ཡོད། རྒྱན་སྣང་ལས། དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་བའི་ཡུམ་སྟོན་པ་ན། བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་ཆེན་པོའི་གནས་དང་འདྲ་བར་འདོད་པ་བྱ་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོར་གྱུར་པ་ཡོད་པ་གང་ཡིན་པ་ནི་བྱ་རྒོད་ཀྱི་ཕུང་པོའོ། །འདོད་ལྷ་ལ་སོགས་པ་བསོད་ནམས་འདོད་པ་རྣམས་ཚེས་བརྒྱད་ལ་སོགས་པའི་དུས་ཚིགས་དྲུག་རྣམས་སུ་འདུ་བ་རྒྱ་ཆེར་བྱེད་པ་ཞེས་བྱ་བའི་ངེས་པའི་ཚིག་གི་ཚུལ་གྱིས་ན་རིའོ། །ཞེས་གྷྭི་དྷ་ཀུཊཿདང་པར་བ་ཏའི་ངེས་ཚིག་གི་སྟེང་ནས་གསུངས་སོ། །
འདི་ལ་དཔག་ན། མདོ་ཏིང་ངེ་འཛིན་རྒྱལ་པོ་སོགས་ལས། བྱ་རྒོད་ཕུང་པོའི་རི་འདི་བསྐལ་བ་སྔ་མ་རྣམས་སུ་ཡོད་པར་གསུངས་པའང་སྒྲ་ཇི་བཞིན་དུ་རུང་སྟེ། བསྐལ་བ་འཇིག་པའི་ཚེའང་མངོན་པར་བྱང་ཆུབ་པའི་གནས་རྡོ་རྗེ་གདན་མི་འཇིག་པར་གསུངས་ལ། འདིའང་དེ་དང་འདྲ་བར་མངོན་ནོ། །ཞེས་གསུངས། མདོར་བསྡུས་ན། སེམས་ཅན་སོ་སོའི་སྣང་བ་ལ། །ཞེས་སོགས་ལྟར་ཡུལ་གཅིག་ལ་དབང་མངོན་སོ་སོའི་སྣང་ཚུལ་སྣ་ཚོགས་ཡོད་པ་མྱོང་བས་སྒྲུབ་ཅིང་། ཅུང་ཟད་ལྐོག་གྱུར་གྱི་དོན་རྣམས་དངོས་སྟོབས་ཀྱི་རིགས་པས་དཔྱད་ནས་རྙེད་པ་སོ་སོ་སྐྱེ་བོའི་སྐལ་བ་དང་། འདིར་གནས་པའི་ཕལ་པ་ལ་འཇིག་རྟེན་གྱི་ཁམས་གཞན་གྱི་དབྱིབས་བཀོད་སོགས་ཡུལ་གྱི་བསྐལ་དོན་དང་། དེ་རིང་དུས་ཀྱི་ཕལ་པ་ལ་ལོ་བརྒྱས་བར་དུ་ཆོད་པའི་དབྱིབས་བཀོད་སོགས་དུས་ཀྱི་བསྐལ་དོན་དང་། དབང་པོ་རྣོ་རྟུལ་གྱིས་དེ་དག་ངོ་བོའི་བསྐལ་དོན་དུ་སོང་བའང་སྲིད་པས། གཞལ་བྱའི་གནས་གསུམ་པར་འཕོས་པ་ན་ལུང་འདྲེན་པ་མཁས་པའི་ལུགས་སུ་སྣང་ངོ་། །
འབྲས་སྒོ་མང་མཁན་ཟུར་ངག་དབང་ཉི་མའི་གསུང་ལས་དྲངས།