རྗེ་བཙུན་ཤེས་རབ་སེང་གེ །

རྗེ་བཙུན་ཤེས་རབ་སེང་གེ །

རྗེ་བཙུན་ཤེས་རབ་སེང་གེ་ནི་གཙང་སྟོད་ཀྱི་སའི་ཆར་སྲད་ཀྱི་གུར་མེ་ཞེས་པར་རབ་བྱུང་དྲུག་པའི་ཆུ་ཁྱི་ ༡༣༨༢ ལོར་ཡབ་དམ་པ་དམར་པོ་དང་། ཡུམ་ཆོས་སྐུ་བཀྲ་ཤིས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བཅུ་གསུམ་གྱི་སྐབས་སྣར་ཐང་དུ་ཆོས་ཞུགས་མཛད། དགུང་ལོ་བཅུ་བཞིའི་སྟེང་མཁན་ཆེན་གྲུབ་པ་ཤེས་རབ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་ཤེས་རབ་སེང་གེ་ཞེས་གསོལ། དེར་ཡེ་གེ་འབྲི་ཀློག་དང་རྩ་བ་བློ་འཛིན་གནང་བ་སོགས་ནས་དབུ་བརྩམས་ཏེ། མཁན་ཆེན་དེ་དང་ལྷག་པར་གཡག་ཕྲུག་སངས་རྒྱས་དཔལ་བ་ལས་བྱམས་ཆོས་རྣམས་དང་། དབུ་མ་རིགས་ཚོགས་དྲུག །འཇུག་པ་རྩ་འགྲེལ། སྤྱོད་འཇུག །ཚད་མ་མདོ་དང་སྡེ་བདུན་སོགས་ལ་སྦྱངས་པ་གནང་བས་གཡག་ཕྲུག་པས་ཀྱང་མཁས་གྲུབ་ཆེན་པོ་ཞེས་པའི་མཚན་གསོལ་མཛད།

དབུས་སུ་བྱོན་ནས་ཀུན་མཁྱེན་རོང་སྟོན་ཆོས་རྗེ་ལས་ཕར་ཕྱིན་གསན། དགུང་ལོ་ཉི་ཤུའི་སྟེང་སྣར་ཐང་དུ་མཁན་ཆེན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྐབས་དེར་རྗེ་ཙོང་ཁ་བ་ཆེན་པོའི་སྙན་གྲགས་གསན་པས་རྐྱེན་བྱས་ཏེ་དབུས་སུ་ཕེབས་ནས། རབ་བྱུང་བདུན་པའི་ལྕགས་སྟག་སྤྱི་ལོ་ ༡༤༡༠ ལོར་དགའ་ལྡན་དུ་རྗེ་བདག་ཉིད་ཆེན་པོའི་ཞབས་ལ་གཏུགས་ནས་དཔལ་གསང་བ་འདུས་པའི་རྩ་རྒྱུད་བཤད་རྒྱུད་དྲུག་དང་སྦྱར་བ་འགྲེལ་པ་སྒྲོན་གསལ་ལ་རྗེ་རང་གིས་མཛད་པའི་དཀྱུས་མཆན་དང་ཟུར་མཆན། བསྡུས་དོན། མཐའ་གཅོད་དང་། གཞན་ཡང་གསང་འདུས་ཀྱི་མན་ངག་འཕགས་པ་ཡབ་སྲས་ཀྱིས་མཛད་པའི་རིམ་ལྔ་སྤྱོད་བསྡུས་སོགས་དང་། རྗེ་རང་གིས་མཛད་པའི་རིམ་ལྔ་གསལ་སྒྲོན་སོགས་དང་། བདེ་མཆོག་གི་རྒྱུད་འགྲེལ་སོགས་དང་། གཞན་ཡང། དུས་འཁོར། ཀྱཻ་རྡོར། གཤིན་རྗེ་གཤེད་སྐོར་སོགས་ཚོགས་ཆོས་དང་ལྐོག་ཆོས་ཅི་རིགས་པ་གསན་ནས་རྒྱུད་སྡེའི་དོན་མཐའ་དག་དང་ཁྱད་པར་དུ་གསང་འདུས་ཀྱི་བཀའ་བབས། ཞལ་སློབ་གཞན་ལ་མ་གནང་བའི་རྫོགས་རིམ་གྱི་ལག་རྗེས་རྣམས་ཀྱང་གནང་བས་རྒྱུད་དོན་ལ་ནང་བྱན་ཚུད་པའི་མཁས་གྲུབ་ཆེན་པོར་གྱུར། གཞན་སྐབས་སྔ་ཕྱི་མང་པོར་རྒྱལ་ཚབ་ཆོས་རྗེ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན། མཁས་གྲུབ་ཆོས་རྗེ། སྐྱོར་མོ་ལུང་མཁན་པོ་བསམ་གཏན་དོན་གྲུབ་པ་སོགས་བསྟེན་ནས་ཀྱང་དུས་འཁོར་དང་འཇིགས་བྱེད་ཀྱི་ཆོས་སྐོར་སོགས་དང་ཕར་ཚད་འདུལ་མངོན་དབུ་མ་རྩ་འཇུག་སོགས་ཟབ་ཆོས་མང་དུ་གསན།

རྗེ་བཙུན་ཤེས་རབ་སེང་གེའི་སྐུ་བརྙན་མཐོང་བ་དོན་ཡོད

ས་ཕག་ ༡༤༡༩ ལོར་རྗེ་རིན་པོ་ཆེས་སེ་ར་ཆོས་སྡིངས་སུ་བྱམས་ཆེན་ཆོས་རྗེ་ལ་རྒྱུད་ཀྱི་སྡེ་འཛུགས་དགོས་པའི་ཞལ་བཀོད་གནང་བ་དང་། འདུལ་ཁྲིམས་གཙང་ཞིང་ཕ་མའི་རྒྱུད་ཀྱི་བཤད་ཉན་རྒྱས་པའི་ཆེད་དུ་གནས་དེར་གསོ་སྦྱོང་མཛད། རྗེས་འབྲང་གི་མཁས་པ་མང་དུ་འདུས་པར་རྟེན་འབྲེལ་ལ་དགོངས་ཏེ་བདེ་གསང་གི་རྩ་རྒྱུད་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་གནང་ནས། འཁོར་སློབ་མཁས་པ་མང་པོའི་དབུས་སུ་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ཏེ། ཁྱེད་ཅག་མཁས་པ་རྣམས་ཀྱི་ཁྲོད་ན་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་པ་སུ་ཡོད་ཅེས་ལན་གཉིས་གསུམ་བཀའ་འདྲི་གནང་བར། མཁས་པ་སུས་ཀྱང་གསུང་ལན་འབུལ་མ་ནུས་པའི་ཚེ། རྗེ་ཤེས་རབ་སེང་གེས་བདག་གིས་བགྱིའོ་ཞེས་ཞུས་ཏེ་ཕྱག་གསུམ་ཕུལ་ནས་ལེན་པར་མཛད། རྗེ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ཏེ། ནང་མཆོད་ཀ་པཱ་ལ་གང་བ་དང་། གསང་བ་འདུས་པའི་གསེར་སྐུ་བྱིན་ཅན། [ སྐུ་བརྙན་འདི་ད་ལྟ་ ༧ བླ་མ་སྤྱན་རས་གཟིགས་ཀྱི་ཕྱག་ཏུ་སོན་ཡོད་པ་དང་། ༧ བླ་མ་ཡིད་བཞིན་ནོར་བུ་ཞལ་སྔ་ནས་སྐུ་བརྙན་དེའི་ཚབ་ཏུ་འདུས་པའི་གསེར་སྐུ་བྱིན་ཅན་གཞན་ཞིག་གྲྭ་ཚང་དུ་གནང་སྦྱིན་བྱུང་བ། གྲྭ་ཚང་གི་འདུས་པའི་བློས་བསླངས་དབུས་སུ་བཞུགས་སུ་གསོལ་ནས་ལོ་འགའ་སོང་བ་དང་། ཕྱིས་བཞུགས་གནས་དེ་ལས་གྲྭ་ཚང་གིས་གཞན་དུ་སྤོར་ནས་བཞུགས་སུ་གསོལ་ཡོད། གཞན་དེ་དང་ལྷན་དུ་ ༧ བླ་མ་ཡིད་བཞིན་ནོར་བུ་ཞལ་སྔ་ནས་གྲྭ་ཚང་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྐུ་ཐང་གཉིས། མགོན་པོའི་སྐུ་ཐང་གཉིས། ཆོས་རྒྱལ་ནང་སྒྲུབ་ཀྱི་སྐུ་ཐང་གཅིག་དང་། ཕྱི་སྒྲུབ་ཀྱི་སྐུ་ཐང་གཉིས་ཀྱི་ཞལ་ཐང་ཐོག་ཚད་མ་ལོང་ཙམ་ཡོད་པ་བསྡོམས་སྐུ་ཐང་གྲངས་བདུན་གནང་བ། ད་ལྟ་རྒྱུད་སྨད་གྲྭ་ཚང་རང་གི་གཏོར་ཆེན་སྐབས་སྟེང་འོག་རྒྱ་མཐོངས་ཐོག་ཁ་རྣམས་སུ་གཤོམ་བཞིན་ཡོད་ལ། དེ་དག་ཀྱང་དུས་འགྱུར་སྐབས་རྒྱུད་གྲྭ་རྣམས་ཀྱིས་བོད་ནས་རྒྱ་གར་དུ་བསྣམས་ཕེབས་པ་ ༧ བླ་མ་སྤྱན་རས་གཟིགས་ཀྱི་ཕྱག་ཏུ་སོན་པའོ། ། ] འགྲེལ་པ་བཞི་སྦྲགས། རྒྱུད་ཀྱི་རྣམ་བཤད་གཉིས་བསྐྱེད་རྫོགས་ཀྱི་ཡིག་ཆ་རྣམས་དང་། རྗེ་རིན་པོ་ཆེས་གཏེར་ནས་བཞེས་པའི་ཆོས་རྒྱལ་གྱི་ཞལ་འབག །དབྱུག་ཏོ་ཞགས་པ། འཆམ་གོས་བཅས་དང་། ཤོག་ལྷུང་ [ རྗེ་ཉིད་ཀྱི་ཤོག་ཀ་ལི། ཤོ་ཀཱ་ལི། ཤོ་ཀ་ལི། འབྲི་སྲོལ་མི་འདྲ་བ་འབྱུང་། ] བཅས་གནང་ནས་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ཏེ། ཞལ་ནས། ཁྱོད་སྐྲག་མི་དགོས་ངས་ཆོས་རྒྱལ་ལ་འཕྲིན་ལས་བཅོལ་ཡོད། ཁྱོད་རང་གཙང་ཕྱོགས་སུ་བྱོན་ལ་རྒྱུད་ཀྱི་འཆད་ཉན་མཛོད་དང་། རི་དྲིལ་བུ་ཁ་སྦུབ་པ་འདྲ་བའི་སྟེང་ན་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡོད། དེས་ཁྱོད་ཀྱི་བསྟན་པ་སྤེལ་བར་བྱེད། ཡང་དེ་ནས་རྒྱང་གྲགས་ཀྱི་ས་ན་རི་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ་བའི་སྟེང་ན་གནོད་སྦྱིན་མོ་ཡོད། དེས་ཀྱང་ཁྱོད་ཀྱི་བསྟན་པ་སྤེལ་བར་བྱེད། དེའི་ཚེ་ཁྱོད་རང་གིས་ཀྱང་ཤེས་ཡོང་ཞེས་ལུང་བསྟན་གནང་།

དེ་ཡང་དང་པོར་གསང་ཕུར་མཐོང་སྨོན་གྲྭ་ཚང་གི་ [ ཕྱིས་སུ་རྣམ་རབ་དྭགས་པོ་གྲྭ་ཚང་ཟེར། ] འཆད་ཉན་མཛད། གཙང་དུ་དགེ་འདུན་གྲུབ་དང་ཡབ་སྲས་གཉིས་ཀྱི་འཆད་ཉན་ཤིན་ཏུ་འཕེལ་བར་བྱུང་བའི་སྐབས་ཤིག །སྔར་རྗེ་རིན་པོ་ཆེའི་ཞབས་དྲུང་དུ་རྒྱུད་སྤེལ་བའི་གཡར་དམ་ཕུལ་བ་གློ་བུར་དུ་ཐུགས་ལ་ཤར་ནས། གྲྭ་ཚང་རྗེ་དགེ་འདུན་གྲུབ་པ་ལ་གཏད་དེ་གསང་བ་འདུས་པའི་རྒྱུད་ཀྱི་འཆད་ཉན་མཛད་བཞིན་པའི་སྒོ་ནས་གཙང་དུ་བྱོན། རྗེའི་ལུང་བསྟན་བཞིན་གཙང་གི་ལྷུན་པོ་རྩེ་ཆོས་སྡེར་སི་ཏུ་བསོད་ནམས་དཔལ་དང་། བདག་མོ་ཤཱཀྱ་དཔལ་ [ ཀུན་མཁྱེན་གྱི་འཇིགས་བྱེད་ཆོས་འབྱུང་དུ། རྗེས་ལུང་བསྟན་པའི་གནོད་སྦྱིན་མོ་དབོན་མོ་འདི་ཡིན་སྣང་། ཞེས་འབྱུང་། ] གྱིས་སྦྱིན་བདག་མཛད་ནས་རྒྱུད་ཀྱི་འཆད་ཉན་བཙུགས་ཤིང་། ཆོས་སྡེ་དེའི་བླ་རབས་བཞི་པ་འཕགས་འོད་ཡོན་ཏན་རྒྱ་མཚོ་འཁོར་བཅས་ཀྱིས་ཆོས་ཞུས། དེར་རྗེའི་ལུགས་ཀྱི་སྒྲུབ་དཀྱིལ་ཕྱག་ལེན་དང་། རྒྱུད་ཀྱི་འཆད་ཉན་བཙུགས། རྟེན་འབྲེལ་ལ་དགོངས་ནས་རྗེ་རིན་པོ་ཆེའི་གཏེར་ནས་བཞེས་པའི་ཆོས་རྒྱལ་གྱི་ཞལ་འབག་དང་། དབྱུག་ཞགས་དང་བཅས་པ་རྟེན་སྐལ་དུ་གནང་། [ ཀུན་མཁྱེན་གྱི་འཇིགས་བྱེད་ཆོས་འབྱུང་དུ། རྗེ་རིན་པོ་ཆེས་ལུང་བསྟན་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་འཕགས་འོད་ལ་མི་མང་འདོད་ལ། ཞལ་འབག་ལ་དཔག་ན་ཡིན་འདྲ་ཞིང་། རྒྱུད་འགྲེལ་ཊཱིཀྐ་ལམ་རིམ་སོགས་ཀྱི་པར་བརྐོས་ཤིང་ཆེས་ཆེར་སྤེལ་བར་མཛད་ཅིང་། སྲད་རྒྱུད་ཀྱི་རྐང་བཟུང་སྣང་བ་སོགས་ལས་ཀྱང་ཤེས་ནུས་སོ། །ཡང་གནས་དེར་རྗེ་དགེ་འདུན་གྲུབ་ཀྱིས་འགྲེལ་པ་ཐོག་མར་གསན་པས་རྗེ་འདི་ཡིན་པར་རྣམ་ཐར་ལས་བཤད་ལ། རྗེ་རང་ཉིད་ཀྱིས་ཀྱང་ཀ་བསྟོད་ལས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པར་གསུངས་སོ། །ཞེས་འབྱུང་། ]

སེང་གེར་རྩེར། རྗེ་དགེ་འདུན་གྲུབ་པ་སོགས་ལ་རྒྱུད་འགྲེལ་དང་། རིམ་ལྔའི་དམར་ཁྲིད་གནང།འདུལ་ནག་པ་དཔལ་ལྡན་བཟང་པོ་ལ་བཀས་བསྐུལ་ཏེ་སྲད་ཀྱི་ལུང་པའི་ཕུག་ཏུ་སྲད་རིན་ཆེན་རྩེ་པས་སྦྱིན་བདག་བྱས་ནས་རྒྱུད་གྲྭ་ཆེན་པོ་བཙུགས་པར་གཙང་གི་སྟོད་རྒྱུད་པའམ་སྲད་དགའ་ལྡན་ཕོ་བྲང་དུ་ཆགས་པས་སྲད་རྒྱུད་པ་རུ་གྲགས། [ ཀུན་མཁྱེན་གྱི་འཇིགས་བྱེད་ཆོས་འབྱུང་དུ། གནས་དེར་རྗེ་རིན་པོ་ཆེའི་ལུང་བསྟན་ལས། དེ་ནས་ཁྱེད་རང་གིས་ཀྱང་ཤེས་ཡོང་གསུངས་པ་དང་མཐུན་པར་རྗེ་བཙུན་ཤེས་རབ་སེང་གེ་ཡབ་སྲས་ཀྱིས་ཇ་གྲལ་གནང་བའི་གཡས་ཀྱི་གྲལ་མགོར་རྗེ་དགེ་འདུན་གྲུབ་པ་དང་། དེ་ནས་འདུལ་དཀར་པ་སོགས་དང་། གཡོན་གྱི་གྲལ་མགོར་འདུལ་ནག་པ་དཔལ་ལྡན་བཟང་པོ་བཞུགས་པར། རྗེ་ཤེར་སེང་གིས་འདུལ་ནག་པ་ལ་ཁྱོད་ཀྱི་དགུང་སྙིང་གང་ཡིན་གསུངས་པས་རྟ་ཡིན་ཞུས་པར། དེ་བཟང་འདུག །འཇིག་རྟེན་གྱི་གཏམ་དཔེར་གཡག་ཤི་སར་རྟ་འཁྲབ་ཟེར་བས། ཁྱོད་སོང་ལ་གཡག་ཤི་ལུང་པར། རྒྱུད་ཀྱི་བཤད་ཉན་གྱིས་ཤིག་གསུངས་ནས་རྗེའི་པཎ་ཞྭ་དང་གོས་བེར་གནང་བས། འདི་དགེ་འདུན་གྲུབ་པར་འོས། ང་ལ་རྗེའི་འགྲེལ་པ་བཞི་སྦྲགས་དང་ཤོག་ལྷུང་དགོས་ཞུས་ཤིང་དེ་དག་བླངས་ནས། སྲད་དགའ་ལྡན་ཕོ་བྲང་དུ་རྒྱུད་གྲྭ་ཚུགས་པ་ལ་གཙང་སྟོད་རྒྱུད་པ་བྱུང་། ཞེས་འབྱུང་། ] དེར་མཁས་པ་མང་པོ་ལ་རྒྱུད་འགྲེལ་མན་ངག་དང་བཅས་པ་འཆད་ཉན་མཛད། འདུལ་ནག་པ་དཔལ་ལྡན་བཟང་པོ་འཆད་ཉན་པར་བསྐོ་བཞག་གནང་། རྗེ་ཐམས་ཅད་མཁྱེན་པས་གནང་བའི་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་དང་ཤོག་ལྷུང་སོགས་འདུལ་ནག་པ་ལ་བྱིན་རླབས་ཀྱི་རྟེན་སྐལ་དུ་གནང་།

དེ་ནས་དབུས་སུ་བྱོན་ཏེ་སྣེའུ་གདོང་དཔོན་ནམ་མཁའ་དཔལ་འབྱོར་གྱིས་གསོལ་བ་བཏབ་པ་ལྟར་སྟོད་ལུང་གནམ་རྩེ་ལྡེང་དུ་ཆོས་དབར་རམ་ཆོས་ཐོག་བཏེག །དེ་ནས་བཟུང་དཔོན་སློབ་ཐམས་ཅད་ཕྱོགས་དང་ཕྱོགས་སུ་ཆོས་བར་བཏེག་ནས་འཆད་ཉན་མཛད་པ་དང་། [ ལོ་ལྟར་ཆོས་ཐོག་བཏེག་སྲོལ་འདི་སྤྱི་ལོ་ ༡༩༥༩ བར་དུ་མ་ཆད་པར་བྱུང་མོད། དུས་འགྱུར་བྱུང་སྟེ་བྱེས་སུ་འབྱོར་རྗེས་གནས་སོ་སོར་ཆོས་ཐོག་ཕེབས་པའི་ཕྱག་སྲོལ་དེ་ཆད་པའོ། ། ] གནས་དེར་སྡེ་སྣོད་འཛིན་པ་མང་དུ་འདུས་པ་ལ་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་རྒྱུད་འགྲེལ་དང་། བསྐྱེད་རྫོགས་ཀྱི་འཆད་ཉན་རྒྱ་ཆེར་མཛད།

རབ་བྱུང་བདུན་པའི་ཆུ་གླང་ ༡༤༣༣ ལོར་རྗེ་ཤེས་རབ་སེང་གེས་དབུས་སུ་རྒྱུད་གྲྭ་བཙུགས་པར་རྒྱུད་སྨད་དུ་གྲགས་པ་སྟེ། [ ཀུན་མཁྱེན་གྱི་འཇིགས་བྱེད་ཆོས་འབྱུང་དུ། རྗེ་ཤེས་རབ་སེང་གེས་རབ་བྱུང་བདུན་པའི་ཆུ་མོ་གླང་གི་ལོ། མཁས་གྲུབ་ཐམས་ཅད་མཁྱེན་པར་དུས་འཁོར་གསན་པ་ཕེབས་པས་འདིར་རྒྱུད་གཅིག་ཚུགས་ཞེས་བཀའ་གནང་བར་སྔར་གྱི་གྲྭ་རྒན་རྣམས་ཀྱི་ངག་རྒྱུན་དང་། འཇམ་མགོན་ཁྲི་རིན་པོ་ཆེའི་གསུང་ལྟར། ཕྱོགས་སོ་སོ་ནས་མཁས་མང་བསྡུས་ཏེ་རྒྱུད་བཙུགས་པ་ལ་དབུས་ཀྱི་རྒྱུད་སྨད་པར་གྲགས། ཞེས་འབྱུང་། ] དེ་ཡང་སྟོད་ལུང་ནས་རིམ་གྱིས་དགའ་ལྡན་དུ་ཕེབས་ཏེ་གཙང་དང་དབུས་ན་ཉིད་ཀྱི་ལེགས་བཤད་ལ་འཁོར་བའི་མཁས་པ་མང་དུ་འདུས་པ་ལ། དགའ་ལྡན་ཁྲི་པ་ཞ་ལུ་པའི་དུས་ཙམ་ཐོག་མར་དགའ་ལྡན་དུ་རྒྱུད་ཀྱི་འཆད་ཉན་མཛད་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཞི་ཚུགས་པ་དང་། ཐོག་མར་དགའ་ལྡན་སོགས་ལ་བཞུགས། རྗེས་སུ་ལྷ་སའི་རྒྱུད་ཁང་ལྕང་ལོ་ཅན་དུ་གཞི་ཕབ་ཡོད་པ་དང་། དེ་ལྟར་རྒྱུད་ཀྱི་འཆད་ཉན་གནང་སྟེ་དབུས་སམ་ལྷ་སར་རྒྱུད་ཀྱི་བཤད་གྲྭ་བཙུགས་པར་དབུས་ཀྱི་རྒྱུད་སྨད་དམ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཞེས་དང་། རྒྱུད་སྨད་ལྕང་ལོ་ཅན་ཞེས་ཀྱང་བརྗོད། [ ཕྱིས་སུ་རྒྱུད་སྨད་དགའ་ལྡན་ནས་སྤོར་སའི་གནས་དེ་རྡོ་རིང་པཎྜི་ཏའི་བཞུགས་གནས་ལྕང་ལོ་ཅན་ཞེས་པ་ཡིན་སྟབས་དེ་ལྟར་བརྗོད་པར་བཤད་པའང་ཡོད། ]

དེ་ནས་དགའ་ལྡན་དང་། འཕན་པོ། ཞོག །ལ་མོ་ཚེར་གསེབ། [ གནས་འདིར་མཆོད་རྟེན་ཞིག་ཡོད་པ་ནི་རྗེ་ཤེས་རབ་སེང་གེའི་སྐུ་གདུང་གནས་འདིར་ཞུགས་ལ་ཕུལ་རྗེས་བཞེངས་པའི་སྐུ་གདུང་མཆོད་རྟེན་དེ་ཡིན་ཞིང་། གྲྭ་ཚང་རིན་པོ་ཆེ་གནས་འདིར་ཆོས་ཐོག་ལ་ཕེབས་རེས་ཀྱིས་གྲྭ་མང་ནས་ཞལ་ཕོར་གྱིས་མཆོད་རྟེན་དེ་ལ་དཀར་རྩིས་ཞལ་གསོ་མཛད་སྲོལ་ཡོད་པར་རྒན་པ་རྣམས་ཀྱི་ངག་ལས་འབྱུང་། འབྲས་བློ་ལྡན་མ་བློ་ཆོས་རིན་པོ་ཆེ་དུས་ཕྱིས་བོད་དུ་ཕྱོགས་ཕེབས་ཀྱི་གནས་མཇལ་སྐབས། ལ་མོ་ཚེར་གསེབ་ཀྱི་ཉེ་འཁོར་གྱི་ཡུལ་མི་ཞིག་གིས་མཆོད་རྟེན་ནང་གི་རྗེ་ཤེས་རབ་སེང་གེའི་སྐུ་རུས་ངོ་མ་ཡིན་ཞེས་ཁོང་ལ་ཕུལ་བ། ཁོང་གི་གྲྭ་ཚང་དུ་གསང་བ་འདུས་པའི་ཊཱིཀྐ་ཆེན་མོའི་ལུང་ཆ་ཚང་གྲུབ་རྗེས། རྗེ་ཤེས་རབ་སེང་གེའི་སྐུ་རུས་ངོ་མ་དང་ཊཱིཀྐའི་ལུང་ཙམ་ལས། གྲྭ་ཚང་ལ་ཕན་ཐོགས་པ་གང་ཡང་བྱེད་རྒྱུ་མ་བྱུང་གསུངས་ཏེ་བྱིན་རླབས་ཀྱི་རྟེན་དུ་གནང་བ་ད་ལྟ་གྲྭ་ཚང་རང་དུ་ཡོད། ] བདེ་ཆེན་གསང་སྔགས་མཁར། ཚལ། སེ་ར་ཆོས་སྡིངས། གནམ་རྩེད་ལྡེང་ངམ་ཡངས་པ་ཅན་སོགས་སུ་གཙང་ནས་སྲད་རྒྱུད་པ་རིམ་གྱིས་མར་ཕེབས། དབུས་ནས་རྒྱུད་སྨད་པ་ཡར་ཕེབས། དབྱར་ཕྱི་མ་མཉམ་དུ་ཞལ་བཞེས་མཛད། རྒྱུད་པ་གཉིས་ཕན་ཚུན་གང་དུ་མོས་པ་དེར་ཞུགས་ཆོག་པ་ལས་བཀག་འགོག་མེད་ཅིང་། ཕྱིས་སྲོལ་དེ་ནུབ་ཅིང་རྒྱུད་སྨད་པ་རང་ཆུ་མིག་ལུང་ངམ་ཕྱིར་མིག་ལུང་དུ་དབྱར་ཞལ་བཞེས་མཛད། སྲད་རྒྱུད་པ་ཡང་སྟོན། གཙང་ལྷོ་བྱང་ཀུན་ལ་མེ་ཏོག་སྡུད་པར་ཆ་ཕྱེ་ནས་ཕེབས་སྲོལ་ཡོད་འདུག །

གཞན་ལྷ་ས་གསང་སྔགས་མཁར། དགའ་ལྡན་དུ་དགུན་ཆོས་དང་། སླར་ཡང་ལྷ་ས། འབྲས་སྤུངས་སོགས་སུ་ཆོས་ཐོག་ཕེབས་ནས་རྒྱུད་འགྲེལ་གྱི་བཤད་པ་རང་གཙོ་བོར་རྩལ་དུ་བཏོན་ཅིང་། དབྱར་དང་སོས་ཀར་རྒྱུད་འགྲེལ་པ་བཞི་སྦྲགས་ཡོངས་རྫོགས་དང་། སྟོན་དཔྱིད་ལ་གསང་འདུས་རིམ་ལྔའི་དམར་ཁྲིད་དང་། ལཱུ་ཨི་པའི་རྫོགས་རིམ་རྣལ་འབྱོར་ཆེན་མོ་དང་། དྲིལ་བུ་པའི་རིམ་ལྔའི་ཁྲིད། རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་བཞིའི་ཁྲིད། དུས་འཁོར་གྱི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད། ནཱ་རོ་ཆོས་དྲུག ། [ ཀུན་མཁྱེན་འཇིགས་བྱེད་ཆོས་འབྱུང་དུ། ནཱི་གུའི་ཆོས་དྲུག་ཟུར་དུ་མ་བགྲངས་པ་ནཱ་རོ་ཆོས་དྲུག་དང་ཐིག་གཅིག་ཡིན་པས་འདིར་སོ་སོར་མི་འདྲེན་པར་འདུག །ཅེས་འབྱུང་། ] ཕྱག་རྡོར་འཁོར་ཆེན་གྱི་རྫོགས་རིམ། གསང་འདུས་འཇམ་དཔལ་རྡོ་རྗེའི་ཐིག་ལེ་བཞིའི་རྫོགས་རིམ་གྱི་ཁྲིད་བཅས་དང་། [ དེ་དག་བརྒྱད་ལ་ཁྲིད་ཆེན་བརྒྱད་ཅེས་གྲགས་པ་དེ་ཉིད་རྒྱ་ར་ཆོས་སྐྱོང་རྒྱ་མཚོས་ཟིན་བྲིས་བཏབ་པ་ད་ལྟ་གྲྭ་ཚང་གི་འཆད་ཉན་ལ་ཡོད་ཅིང་། འདི་ལ་རྒྱུད་སྨད་ཀྱི་མན་ངག་རྡོ་ལག་བརྒྱུད་མའམ་མན་ངག་རྡོ་ལག་བརྒྱུད་རྫོགས་རིམ་ཁྲིད་ཆེན་བརྒྱད་དུའང་གྲགས། ] དེ་ལྟར་ལོ་རེ་ལ་རྒྱུད་འགྲེལ་སྟོན་ཆོས་ཚུན་ལ་ཚར་རེ་རེ། ཊཱིཀྐ་ཆེ་བ་ལེའུ་བཅུ་བདུན་པའི་མཚམས་སྦྱོར་དང་། ཊཱིཀྐ་ཆུང་བ་ལེའུ་བཅུ་གསུམ་པའི་མཚམས་སྦྱོར་ལ་ཆོས་མཚམས་བྱེད་ཅིང་།དགའ་ལྡན་དགུན་ཆོས་ལ་རྫོགས་རིམ་རིམ་ལྔ་གསལ་སྒྲོན་དང་། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་བཤད་པ་མཛུབ་ཁྲིད་རྒྱས་པ་རེ། བསྐྱེད་རིམ་རྫོགས་པའི་བརྩི་བཞག་རེ་དང་། རྫོགས་རིམ་ལ་ཡང་བརྩི་བཞག་བསྒྲིགས་མ་རེ་ [ ད་ལྟའི་བར་དུ་ཡོད་པ་ཡིན་གསུངས་འདུག་ཀྱང་། ད་ལྟ་རྫོགས་རིམ་གསལ་སྒྲོན་གནང་བ་ལས་གཞན་སྐྱོར་སྲོལ་མི་འདུག ། ] དེ་རྣམས་ཀྱི་ནང་ནས་གསང་བ་འདུས་པ་དང་། འཁོར་ལོ་བདེ་མཆོག་གཉིས་ཀྱི་རྫོགས་རིམ་གྱི་ཁྲིད་ལ་རྗེ་བླ་མའི་ཞལ་སློབ་གཞན་རྣམས་ལ་མེད་པའི་མན་ངག་ཞལ་ཤེས་ཡི་གེ་མེད་པ་མང་པོ་ཡང་རྗེ་འདི་ཉིད་ལ་ཡོད་པས་དེ་རྣམས་ཀྱང་གསུངས་ཤིང་། ཁྲིད་དེ་རྣམས་ཀྱང་ལན་རེ་གཉིས་ཙམ་མ་ཡིན་པར་ལོ་རེ་བཞིན་འདེབས་པར་མཛད། ལམ་རིམ་གྱི་ཁྲིད་དང་། ལྟ་ཁྲིད་སོགས་འཆད་པར་མཛད་ཅིང་། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་འདུལ་ཁྲིམས་ལ་གཅེས་སྤྲས་སུ་བྱེད་པའི་དགེ་འདུན་གྱི་བཅའ་ཁྲིམས་རྣམ་པར་དག་པ་ཕྱག་ལེན་མཛད་ནས། གྲྭ་ཚང་གི་ནང་རྟེན་དུ་རྗེ་རིན་པོ་ཆེས་གནང་བའི་གསང་བ་འདུས་པའི་གསེར་སྐུ། ནང་མཆོད་ཀ་པཱ་ལ། མགོན་ཆོས་ཀྱི་ཞལ་ཐང་རྣམས་གནང་། [ ཞལ་ཐང་རྣམས་ནི་གོང་དུ་སོང་བ་ལྟར་ ༧ བླ་མ་སྤྱན་རས་གཟིགས་ཀྱིས་གྲྭ་ཚང་དུ་གནང་བ་དེ་རྣམས་ཡིན་ལ་དེང་སྐབས་གྲྭ་ཚང་གིས་གཏོར་ཆེན་སྐབས་བཤམས་པ་ཡིན་ཞིང་། ཡི་དམ་ཆོས་སྐྱོང་གི་སྐུ་ཐང་དེ་དག་ཀྱང་རྗེ་རིན་པོ་ཆེས་རྗེ་ཤེས་རབ་སེང་གེ་ལ་གནང་བ་ཡིན་པས་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་ཡིན་ནོ། ། ]

ལྕགས་སྤྲེལ་ལ་རྗེ་ཤེས་རབ་སེང་གེ་ཡབ་སྲས་འཁོར་སྔགས་གྲྭ་དང་བཅས་ལྷན་དུ་གཙང་ལ་བྱོན་ནས། གཙང་གི་བསམ་གྲུབ་རྩེ་ནས་དཔོན་སློབ་གདན་དྲངས་ཏེ། མདོ་སྔགས་ཀྱི་འཆད་ཉན་མཛད་པའི་བདག་རྐྱེན་རིམ་བཞིན་བྱས་པར་རྣམ་ཐར་ལས་གསུངས་ [ ཞེས་ཀུན་མཁྱེན་འཇིགས་བྱེད་ཆོས་འབྱུང་དུ་ཡོད། ] སྣར་ཐང་དང་བྱང་ཆེན་སོགས་སུ་རིམ་པར་བྱོན་ཏེ། འཆད་ཉན་ལོ་བཞིའི་བར་དུ་གཙོ་བོར་མཛད་ཅིང་། ཤིང་བྱི་ལ་བྱང་སེམས་ཤཱཀྱ་དཔལ་པས་ལྷུན་པོ་རྩེར་སྔགས་ཀྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར། དེ་ནས་སེང་གེ་རྩེར་བྱོན། དགེ་འདུན་གྲུབ་པ་སོགས་སྐལ་ལྡན་གྱི་སློབ་མ་འགའ་ཞིག་ལ་རིམ་ལྔའི་དམར་ཁྲིད་དང་། རྒྱུད་འགྲེལ་ཚར་གཅིག་བཤད་ལུང་མཛད་དེ། རྗེ་ཤེར་སེང་འཁོར་བཅས་དབུས་ཕྱོགས་སུ་ཕེབས། བསམ་གྲུབ་རྩེར་བྱོན། དེ་ནས་ཤངས་ཀྱི་ཕྱོགས་ལ་ཕེབས་ལམ་མཛད་དེ། རྗེ་ཤེར་སེང་འཁོར་བཅས་དགེ་ལྡན་དུ་ཕེབས་ནས་ལོ་ངོ་གཉིས་ཀྱི་བར་རྒྱུད་འགྲེལ་བཤད་ནས། སྐུ་མྱ་ངན་ལས་འདའ་ཁར་དཔེ་ཆ་འདི་རྣམས་དགེ་འདུན་གྲུབ་ཀྱི་སར་སྐྱོལ། རྒྱུད་ཀྱི་འཆད་ཉན་འདི་སྦྱིན་པ་དཔལ་བས་གྱིས། དེའི་གྲོགས་དགོས་པ་གྲགས་པ་བཟང་པོ་ལ་ཆོལ་ཞེས་རྒྱུད་སྨད་གྲྭ་ཚང་གི་འཆད་ཉན་སློབ་དཔོན་སྦྱིན་པ་དཔལ་བ་ལ་གཏད་ཅིང་། དབུས་དང་གཙང་གི་ཕྱོགས་གཉིས་སུ་རྒྱུད་ཀྱི་འཆད་ཉན་མཛད་པའི་བཤད་གྲྭ་གསར་འཛུགས་གནང་བས་གསང་ཆེན་རྒྱུད་ཀྱི་རྒྱལ་པོའི་ལམ་གྱི་རྣམ་གཞག་རྗེ་བླ་མའི་བཞེད་སྲོལ་ཐུན་མོང་མ་ཡིན་པའི་རྒྱུན་རྒྱ་ཆེེར་སྤེལ་ཏེ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་དང་། ཆོས་རྗེ་ཡིད་བཟང་རྩེ་བས་ཀྱང་། རྗེའི་སློབ་མ་ལ་སྣར་ཐང་བ་ཤེས་རབ་སེང་གེ་ལས་འཕྲིན་ལས་ཆེ་བ་མ་བྱུང་ཞེས་བསྔགས་བརྗོད་ཀྱང་གནང་། ཕྱིས་སུ་རྒྱུད་སྟོད་པ་ར་མོ་ཆེ་རྒྱུད་གྲྭ་ཡང་རྗེ་འདིའི་ཐུགས་སྲས་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་རབ་བྱུང་བརྒྱད་པའི་ཤིང་རྟ་ལོར་ཕྱག་བཏབ་པ་ཡིན།དུས་ཕྱིས་རྒྱུད་སྨད་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་གཉིས་ལ་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཞེས་ཀྱང་གྲགས་པ་ཡིན་ནོ། །

དེ་ལྟར་རྗེ་ཤེས་རབ་སེང་གེ་ཉིད་ཀྱིས་ཆུ་གླང་སྤྱི་ལོ་ ༡༤༣༣ ནས་སྤྱི་ལོ་ ༡༤༤༥ བར་གྲྭ་ཚང་འདི་ལོ་ངོ་བཅུ་གསུམ་གྱི་བར་དུ་བསྐྱངས་པར་མཛད་དེ། རབ་བྱུང་བདུན་པའི་ཤིང་མོ་གླང་གི་ལོ་ ༡༤༤༥ ཟླ་བ་ལྔ་པའི་ཚེས་ཉེར་བརྒྱད་ལ་དགའ་ལྡན་རྒྱུད་ཁང་དུ་སྐུ་མྱ་ངན་ལས་འདས། སྐུ་གདུང་ལ་མོ་ཚེར་གསེབ་ཏུ་གདན་དྲངས་ཏེ་ཞུགས་ལ་ཕུལ་བའི་ཚེ། དབུ་ཐོད་རིལ་པོ་མ་ཉམས་པར་བྱོན་པ་དང་། རིང་བསྲེལ་ཤ་རི་རམ་ཁམ་ཅིག་ཙམ་ཞིག་བྱོན་པ་རྣམས་རྗེ་དགེ་འདུན་གྲུབ་ཀྱིས་བཞེས་ཏེ། བཀྲ་ཤིས་ལྷུན་པོའི་ཐུབ་པ་ཆེན་པོའི་སྐུའི་ཐུགས་ཀར་བཞུགས་སུ་གསོལ། 

རྗེ་ཤེས་རབ་སེང་གེ་ཉིད་རྗེ་བདག་ཉིད་ཆེན་པོ་སྐུ་གཤེགས་ནས་ལོ་ཉེར་ལྔའི་རིང་གཙང་ཡས་མས་སུ་ལན་མང་དུ་ཕེབས་བཞུད་གནང་། དབུས་སུ་དགེ་ལྡན་དང་གནམ་རྩེ་ལྡེང་སོགས་ཕྱོགས་ཕྱོགས་སུ་བྱ་བྲལ་དང་འཆད་ཉན་འཕེལ་བར་མཛད་ཅིང་གཙང་དུ་ཡང་། གངས་ཅན། རྟ་ནག་རི་ཁུད། ལྷུན་པོ་རྩེ། སེང་གེ་རྩེ། བསམ་གྲུབ་རྩེ་ལ་སོགས་པའི་གྲུབ་གནས་དང་། དགོན་སྡེ་ཆེ་ཕྲ་མང་པོར་རྗེའི་བཀའ་སྲོལ་བཞིན་སྒྲུབ་དཀྱིལ་འཛུགས་པ་དང་། རྒྱུད་འགྲེལ་གྱི་བཤད་པ་འཛུགས་པ་སོགས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་བར་མཛད་པ་ཡིན་ནོ། །

རྗེ་ཤེས་རབ་སེང་གེའི་བཀའ་རྩོམ་ལ། ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་རྣམ་བཤད་ཐར་ལམ་གསལ་བྱེད་ཉི་མའི་འོད་ཟེར་དང་། དབུ་མའི་ལྟ་ཁྲིད། ད་ལྟ་གྲྭ་ཚང་གི་འཆད་ཉན་ཁོངས་མཁན་པོ་དང་ཊཱིཀྐ་སྐྱོར་དཔོན་གྱིས་བློ་ནས་འཆད་ཉན་གནང་བའི་རྒྱུད་ཀྱི་ཊཱིཀྐ་སོགས་ཡོད་དོ། །

གསུང་ལས་སྐྱེས་པའི་སློབ་མ་ལ། རྗེ་དགེ་འདུན་གྲུབ་པ་དང་། ཀུན་མཁྱེན་འཕགས་འོད། རྒྱུད་པ་སྦྱིན་པ་དཔལ་བ། ཆོས་རྗེ་སྨོན་ལམ་དཔལ། རྒྱུད་ཆེན་ཀུན་དགའ་དོན་གྲུབ། འདུལ་ནག་པ་དཔལ་ལྡན་བཟང་པོ། རྒྱུད་པ་གྲགས་པ་བཟང་པོ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། ཆོས་རྗེ་བཀྲ་ཤིས། ཆོས་གྲགས་བསམ་པ། མཁས་པ་རིན་ཆེན་ཤཱཀྱ། ཆོས་རེ་ཟླ་བ་རྒྱལ་མཚན། དྲུང་སངས་རྒྱས་རྒྱལ་མཚན་པ། འཇམ་དབྱངས་སྨྲ་སེང་ལ་སོགས་པ་མཁས་ཤིང་གྲུབ་པ་མང་དུ་བྱུང་།

དེ་ནས་སློབ་དཔོན་སྦྱིན་པ་དཔལ་དང་། དཀའ་བཅུ་བ་གྲགས་པ་བཟང་པོ་དཔོན་སློབ་གཉིས་ཀྱིས་ལོ་ཉི་ཤུ་རྩ་གཉིས་ཙམ་དུ་རྒྱུད་ཀྱི་བཤད་གྲྭ་ལེགས་པར་བསྐྱངས་ཏེ། གྲྭ་ཚོགས་ཉིས་བརྒྱ་ཙམ་དུ་འཕེལ་ཞིང་། འདུལ་བའི་ཀུན་སྤྱོད་དག་ལ་བཤད་སྒྲུབ་ཡར་ངོའི་ཟླ་བ་ལྟར་འཕེལ་བར་གྱུར་པ་དང་། རྒྱུད་ཀྱི་འཆད་ཉན་མཛད་པའི་བླ་རབས་ཀྱང་། རྗེ་ཤེས་རབ་སེང་གེ་དང་། རྒྱུད་པ་སྦྱིན་པ་དཔལ། རྒྱུད་པ་གྲགས་བཟང་པ། རྒྱུད་པ་ཀྲེའོ་བཀྲ་ཤིས་རྒྱལ་མཚན་པ། རྒྱུད་པ་ཤེས་རབ་བཟང་པོ། ཨུ་རི་དཀའ་བཅུ་པ། སློབ་དཔོན་ཚུལ་བཟང་པ། རྗེ་ཆོས་སྐྱོང་རྒྱ་མཚོ། རྒྱུད་པ་རྒྱལ་མཚན་བཟང་པོ། དྭགས་པོ་ནམ་མཁའ་གྲགས་སོགས་ད་ལྟའི་བར་དུ་བླ་རབས་ [ འདི་རྣམས་ཀྱི་རྣམ་ཐར་མདོར་བསྡུས་རེ་ཟུར་དུ་ཡོད། ] བརྒྱ་ཕྲག་གཅིག་ལྷག་བྱོན་པ་ཡིན་ནོ། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)