སྐུ་ཞབས་བླ་མ་རིམ་བྱོན་གྱི་ལོ་རྒྱུས།

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དམ་སྐུ་ཞབས་བླ་མ་རིམ་པར་བྱོན་པ་ལས་རྒྱུ་རྐྱེན་གཞན་གྱི་དབང་གིས་གསང་ཆེན་སྨད་རྒྱུད་པའི་མཁན་རིན་པོ་ཆེའི་ཁྲི་ལ་མ་ཕེབས་པ་རྣམས་ཀྱི་ངོ་སྤྲོད་མདོར་བསྡུས།

སྐུ་ཞབས་བླ་མ་དགེ་བཤེས་མཐུ་སྟོབས་དར་རྒྱས།

བླ་མ་སྐུ་ཞབས་དམ་པ་བློ་གླིང་དགེ་བཤེས་མཐུ་སྟོབས་དར་རྒྱས་དཔལ་བཟང་པོ་མཆོག་ནི།བོད་དཀར་མཛེས་ཁུལ་གྱི་རྗེས་གཟུང་ཞེས་པའི་ལུང་པར་འ་འོག་ཏི་ཞེས་པའི་གྲོང་མིང་གི་ཡབ་ངག་དབང་རྣམ་རྒྱལ་དང་ཡུམ་པདྨ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༣༣ལོར་སྐུ་འཁྲུངས།ཁོང་བྱིས་པའི་སྐབས་ནས་གཞིས་དགོན་ཁང་དམར་དགོན་དུ་ཆོས་ཞུགས་མཛད་ཅིང་ཀློག་བསླབས།དགོན་པར་བླ་བྲང་སྟག་འོག་གཉིས་ཡོད་པ་ལས་བླ་བྲང་སྟག་མ་ཡིན་པ་དང་།

དགུང་ལོ་དྲུག་ཙམ་ཟིན་པ་ན་དགེ་ཚུལ་གྱི་བསླབ་སྡོམ་ཞུས།རིམ་བཞིན་འདོན་ཆོག་མང་དུ་ཐུགས་འཛིན་མཛད་ཅིང་སྐུ་ནར་སོན་སྐབས་ཁང་དམར་དགོན་གྱི་མགོན་ཁང་པ་ཡང་གནང།དགོན་པའི་འཇིགས་བྱེད་སྒྲུབ་མཆོད་སྐབས་ཀྱི་དབུ་མཛད་གནང་ཡོད་ལ།མཚན་ཉིད་ཀྱི་རྩ་བ་འགའ་ཞིག་ཀྱང་ཐུགས་འཛིན་གནང།སྐབས་དེ་དག་ཏུ་དགོན་པར་བོད་ཡིག་སློབ་གྲྭ་ཞིག་ཟུར་དུ་བཙུགས་ཡོད་པ་དེར་བོད་ཡིག་སློབ་སྦྱོང་ཡང་གནང་།

དེ་ནས་དབུས་གྱུར་ཆོས་ཀྱི་ཞིང་དུ་སློབ་གཉེར་ལ་ཕེབས་རྒྱུའི་ཐུགས་འདུན་ཟློག་མེད་དུ་བརྟས་ཏེ་འབྲེལ་ཡོད་ཡབ་ཡུམ་དང་དགེ་རྒན་སོགས་ལ་ཞུས་ཏེ་མཐར།འཁྲུངས་གསར་སྐུ་གོང་མའི་མོ་ལུང་གནང་བའི་འབྲས་བུར་དབུས་ཀྱི་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་དགོས་པའི་བཀའ་ལུང་ཕེབས་དོན་ལྟར་དབུས་ཀྱི་གདན་སར་ཕེབས་རྒྱུར་ཐུགས་གཏན་ཁེལ་ཏེ།ཕེབས་རོགས་སུ་དམ་པ་འདི་ཉིད་ཀྱི་ཡབ་ཡུམ་གཅིག་པའི་སྐུ་མཆེད་སྨད་རྒྱུད་སྔགས་རམས་པ་དགེ་དོན་གྲུབ་ལགས་དང།སྐུ་ཞོགས་ནག་ཚང་རིན་པོ་ཆེ།ཁང་དམར་སྤྲུལ་སྐུ་སོགས་མི་དྲུག་བདུན་ཙམ་ཡོད་པ་རྒྱ་མིའི་སྣུམ་འཁོར་ཞིག་གླས་ཏེ་ལྷ་ས་བར་ཕེབས།ལྷ་སར་འབྱོར་ནས་སྐུ་མཆེད་དགེ་དོན་གྲུབ་ལགས་རྒྱུད་པར་ཞུགས་ཤིང།དམ་པ་འདི་མོ་ལུང་ལྟར་འབྲས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་བློ་གླིང་ཏྲེ་ཧོར་ཁང་ཚན་དུ་བཞུགས།བསྡུས་གྲྭ་ནས་བཟུང་གྲྭ་ཚང་གི་ཕྱག་སྲོལ་ལྟར་འཛིན་གྲྭ་རིམ་གྱིས་འགྲིམས་ནས་སློབ་གཉེར་ལ་བརྩོན་པ་ལྷུར་བཞེས་ཏེ་ཕྱག་དཔེ་ལེགས་གྲས་སུ་ཕེབས།

སྤྱི་ལོ་༡༩༥༩ལོར་བོད་དུས་འགྱུར་སྐབས་བོད་མི་སྤྱི་མཚུངས་ལྟར་བཙན་བྱོལ་དུ་ཕེབས།སེ་འབྲས་དགེ་འདུན་སྤྱི་མཚུངས་ལྟར་སྦག་ས་ཆོས་སྒར་དུ་ཕེབས་འབྱོར་གནང་སྟེ་དེར་སློབ་གཉེར་མུ་མཐུད་དེ་མཛད།

སྤྱི་ལོ་༡༩༧༠ལོར་སྦག་ས་ནས་མོན་གྷོ་འདོད་དགུ་གླིང་དུ་འདུས་མང་ལྷན་དུ་འབྱོར།གཞུང་ཆེན་སློབ་གཉེར་འཕྲོ་སྐྱོང་གནང་སྟེ་མཐར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས།

གསང་སྔགས་ཀྱི་སློབ་གཉེར་གནང་ཆེད་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་ལ་ཞུགས་ཏེ་གསང་ཆེན་རྒྱུད་སྡེ་བཞིར་གསན་བསམ་སློབ་གཉེར་སོགས་གནང་བཞིན་ལོ་གཅིག་གི་ཆོས་ཐོག་འགྲིམས།གྲྭ་ཚང་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་དུ་བསྐོ་བཞག་ཞུས་ཏེ་འཛིན་གྲྭ་དུ་མར་མདོ་སྔགས་གཉིས་ཀའི་དཔེ་ཁྲིད་ཀྱི་ཐུགས་འགན་བཞེས་ཏེ་བསྟན་པའི་བྱ་བ་མཛད།

མཛད་སྤྱོད་གང་ཅིའི་ཐོག་ཀུན་གྱི་དམིགས་དཔེར་འོས་པ་ཡོད་སྟབས་གྲྭ་ཚང་རིན་པོ་ཆེའི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་རིན་པོ་ཆེ་ཕེབས་རྗེས།རིང་པོ་མ་ཐོགས་པར་བླ་མའི་ཁྲི་སྟོན་མཛད་དེ་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་གྱི་ཐུགས་འགན་བཞེས།འོན་ཀྱང་བླ་མའི་སྐབས་སྐུ་ཁམས་དེ་ཙམ་བདེ་ཐང་མེད་སྟབས་སྨན་ཁང་ཁག་ལ་བསྟེན་གཏུགས་རིམ་པར་ཞུས་ཀྱང་ཕན་འབྲས་མ་བྱུང་བར་བླ་མའི་མཛད་ཁུར་བཞེས་བཞིན་དུ་སྤྱི་ལོ་༢༠༠༢ཀྱི་ལོ་འགོར་དགུང་གྲངས་༦༨ལ་དགོངས་པ་གཞན་དུ་གཤེགས།གྲྭ་ཚང་སློབ་གཉེར་ཁང་ནས་དགོངས་རྫོགས་ཀྱི་རྗེས་འཇུག་འཐུས་གཙང་དང་ཞུགས་འབུལ་གདུང་ཐལ་བཞུགས་སུ་གསོལ་བའི་གསེར་ཟངས་ཀྱི་མཆོད་རྟེན་གསར་བཞེངས་ཞུས་ཏེ་དད་པའི་རྟེན་དུ་བཞུགས་བཞིན་པའོ།།

སྐུ་ཞབས་བླ་མ་དགེ་བཤེས་བློ་བཟང་ཚུལ་ཁྲིམས།

བླ་མ་སྐུ་ཞབས་དམ་པ་དགེ་བཤེས་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོ་མཆོག་ནི།སྤྱི་ལོ་༡༩༥༣ལོར་ལ་དྭགས་ཟངས་དཀར་དུ་ཡབ་ཕུན་ཚོགས་དཔལ་བཟང་དང་ཡུམ་སྒྲོལ་མ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སྤྱི་ལོ་༡༩༧༣ལོར་གདན་ས་ཆེན་པོ་འབྲས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་ཁང་ཚན་མངའ་རིས་ཁམས་ཚན་དུ་བཞུགས།

འཚོ་བ་ངན་ངོན་ཙམ་བསྟེན་ནས་མཁན་ཟུར་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག་དང།མཁན་ཟུར་རིན་པོ་ཆེ་ངག་དབང་ཉི་མ་སོགས་བཤེས་གཉེན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་རྡོ་རུས་གཏུག་པར་གནང་སྟེ་སྒོ་མང་གྲྭ་ཚང་ཉག་ཕྲག་བའི་དུས་སུ་བཤད་སྒྲུབ་ཀྱི་རྒྱལ་མཚན་དགུང་དུ་བཏེག་ཅིང་ངུར་སྨྲིག་འཛིན་པའི་ཁྱུ་མཆོག་དམ་པར་བཞེངས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདུས་ཚོགས་ཀྱི་དམ་གཟིགས་དང་རྩོད་རྒྱུགས་དབུ་བཞུགས་སྐབས་དམ་བཅའ་ཐེངས་མང་བཞུགས་མྱོང་བ་མ་ཟད་གཞུང་དོན་དང་མཐུན་པའི་རྩོད་ལན་འགྲན་ཟླ་བྲལ་བ་གནང་བས་༧རྒྱལ་དབང་དགྱེས་ཤིང་སྒྲུབ་པའི་མཆོད་པ་ཕུལ་བའི་གོ་སྐབས་མང་པོ་བྱུང་ཡོད།དམ་པ་ཁོང་མདོ་སྔགས་གཞུང་ལུགས་ལ་མཁས་པའི་རྩེ་མོར་སོན་སྟབས་རྗེས་འབྲང་སློབ་བུ་ཧ་ཅང་མང་ཡང་ཆེ་ཉམས་སོགས་གཏན་ནས་མི་མཛད་པར་དུས་རྟག་ཏུ་དམའ་སའི་བརྟུལ་ཞུགས་བཟུང་།

སྤྱི་ལོ་༡༩༩༤ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཞལ་སྔ་ནས་བསྟན་པའི་གསལ་བྱེད་ཀུན་བདེ་གླིང་རྟ་ཚག་རིན་པོ་ཆེ་མཆོག་གི་ཡོངས་འཛིན་དུ་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་དགོངས་དོན་ལྟར་རིན་པོ་ཆེར་སྐུ་ཡོན་འབུལ་རྒྱུ་སོགས་ཐུགས་འགན་བདག་གིར་བཞེས།

སྤྱི་ལོ་༢༠༡༤སྨད་རྒྱུད་གྲྭ་ཚང་གི་བླ་མའི་ཕྱག་རྟགས་ཕེབས་ཏེ་སྤྱི་ལོ་༢༠༡༤ལོ་དེ་ཉིད་དུ་བླ་མའི་ཁྲི་སྟོན་གནང་སྟེ་སྨད་རྒྱུད་པའི་རྡོ་རྗེ་སློབ་དཔོན་གྱི་ཐུགས་འགན་བཞེས་ཀྱང་སྐུ་ཁམས་དེ་ཙམ་བདེ་པོ་མེད་སྟབས་ལོ་ལྟར་སྐུ་གཟུགས་བརྟག་དཔྱད་གནང་ལམ་ཡོད་པ་ལྟར་ལྡིལླིར་ཨ་པོ་ལོ་སྨན་ཁང་དུ་བརྟག་དཔྱད་གནང་དོན་ལྟར་མཆིན་པའི་བསྙུང་གཞི་ཡོད་པར་ཐོན།སྨན་བཅོས་རིམ་གྲོ་གང་གིས་ཀྱང་བསྙུང་གཞི་དྭངས་བསྐྱེད་མ་བཞེས་པར་བླ་མ་དབུ་མཛད་ཀྱི་མཛད་ཁུར་བཞེས་བཞིན་དུ་སྤྱི་ལོོ་༢༠༡༦ལོར་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་འདི་དགོངས་པ་མ་གཤེགས་པའི་སྔོན་ཙམ་ལ་སྐུ་ཚེ་མ་བརྟན་པ་བྱུང་ན་སྐུ་དམར་གདུང་དུ་བཞུགས་སུ་གསོལ་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ལྟར་དེའི་བྱེད་སྒོ་མཐའ་དག་འཐུས་ཤོར་མེད་པར་བསྒྲུབས་ཤིང་། སྤྱི་ལོ་ ༢༠༢༢ ལོའི་ཆུ་སྟོད་ཟླ་བའམ་བོད་ཟླ་དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན་ཉིན་༧གོང་ས་མཆོག་ནས་སྐུ་དམར་གདུང་ལ་རབ་གནས་དངོས་སུ་གནང་བ་དང་། དེ་ནས་སྐུ་དམར་གདུང་གི་བྱེད་སྒོ་མཐའ་དག་ཡོངས་སུ་ཚར་ཏེ་སྤྱི་ལོ་ ༢༠༢༣ ཟླ་ ༧ཚེས་ ༡༥ ཀུན་བདེ་གླིང་རིན་པོ་ཆེ་དབུས་བཞུགས་ཀྱི་རབ་གནས་ཡོངས་སུ་གྲུབ་སྟེ་དད་ལྡན་མི་མང་གི་དད་པའི་རྟེན་དུ་བཞུགས་ཡོད་དོ། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)