རང་གཞུང་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་མཐོ་སློབ་ཐོན་པའི་རང་རིགས་སློབ་མ་སྐོར་ཞིག་ལ་བོད་ཀྱི་སྐད་ཡིག་དང་རིགས་ལམ་སོགས་ཀྱི་སྐོར་ལ་ཟླ་དྲུག་གི་ཟབ་སྦྱོང་དང་པོ་དབུ་འཛུགས་གནང་།
དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བོད་ཀྱི་ཆོས་རིག་གོང་འཕེལ་གྱི་ལས་འཆར་དུ་མའི་ཁོངས། ལས་ཁུངས་དེ་ཉིད་དང་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས། བཙན་བྱོལ་ནང་བོད་རིགས་མཐོ་སློབ་ཐོན་པའི་སློབ་ཕྲུག་ཉི་ཤུ་སྐོར་ཞིག་ལ། བོད་ཀྱི་སྐད་ཡིག་དང་རིགས་ལམ། ནང་དོན་རིག་པའི་གཞུང་ཆེན་ཁག་གི་ཟབ་ཁྲིད་ཀྱི་ལས་འཆར་ཞིག་གོ་སྒྲིག་གནང་སྟེ། སྤྱི་ལོ་ ༢༠༡༤ ཟླ་བ་ ༠༧ ཚེས་ ༠༡ ནས་སྤྱི་ཟླ་ ༡༢ ཚེས་ ༣༡ བར་ཟླ་དྲུག་གི་ཟབ་སྦྱོང་ཞིག་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་འཚོག་རྒྱུར་ཐུགས་གཏན་འཁེལ་བ་མ་ཟད། ལས་འཆར་གྱི་སྔོན་འགྲོའི་བྱེད་སྒོ་ཁག་ལེགས་པར་གྲུབ་ནས་དངོས་སུ་དབུ་འབྱེད་ཀྱི་མཛད་སྒོ་དེ་ཕྱི་ཟླ་ ༠༧ ཚེས་ ༠༢ ཉིན་བསྐྱངས་ཡོད་པ་དང་། སྐུ་མགྲོན་དུ་གྲྭ་ཚང་མཁན་རིན་པོ་ཆེ་དང་ཕྱོགས་བཞུགས་སྤྱི་འཐུས་དང་ཆོས་རིག་གི་སྐུ་ཚབ་དེ་བཞིན་ས་གནས་གཞིས་འགོ་སོགས་ཕེབས་ཏེ་བོད་ཀྱི་རིག་གནས་གོང་འཕེལ་ལས་བརྩམས་པའི་གསུང་བཤད་ཀྱང་གནང་ཡོད་ལ། དེ་བཞིན་མཛད་སྒོ་དེར་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཁག་གི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཕེབས་ཞུགས་གནང་ཡོད་པ་དང་། ཟླ་དྲུག་སློབ་ཚན་དུ་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་རྩོམ་ཡིག་སོགས་དང། ཆོས་འབྱུང་དང་གྲུབ་མཐའ། ཚད་མ་རིག་པ། ཕར་ཕྱིན། དབུ་མ། མཛོད་དང་སྔགས་ཀྱི་ངོ་སྤྲོད་བཅས་ཀྱི་གཞུང་ཆེན་དེ་དག་གི་སྙིང་བཅུད་ཕྱོགས་བསྡུས་ཀྱིས་སློབ་ཚན་གཏན་འབེབས་གནང་བའི་སློབ་དེབ་གསར་དུ་པར་བསྐྲུན་གནང་ཡོད་པ་ལྟར་མཛད་སྒོའི་ཉིན་མཁན་རིན་པོ་ཆེས་དབུ་འབྱེད་གནང་སྟེ། ཟབ་ཁྲིད་གནང་རྒྱུའི་མཐར་ཡིག་རྒྱུགས་བཏང་ནས་ལག་ཁྱེར་ཡང་གནང་རྒྱུ་བཅས་ཡིན་འདུག་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་ཆོས་དང་རིག་གནས་ལ་དོན་གཉེར་ཅན་སློབ་མར་མཚོན་ན། ཕྱི་རྒྱལ་སུད་སི་སོགས་ས་གནས་གང་ས་ནས་མཐོ་སློབ་ཐོན་པའི་སློབ་ཕྲུག་ངོ་གྲངས་ ༡༧ འཛུལ་ཞུགས་བྱུང་ཡོད་པ་ནས་བུ་གྲངས་ ༡༡ དང་བུ་མོ་གྲངས་ ༠༦ ཡོད་དོ། །
༄༅།། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཀྱི་ཉིན་རེའི་དུས་ཚོད་རེའུ་མིག་དང་། དགེ་རྒན་རྣམས་ལ་སློབ་ཚན་ཆ་བགོས་ཞུས་པ་གཤམ་གསལ། | ||
---|---|---|
སྔ་དྲོའི་འཛིན་གྲྭ། | ||
༦།༣༠ ནས་ ༧།༣༠ | ཞལ་འདོན་དང་ཞོགས་ཇ། | |
༧།༣༠ ནས་ ༨།༤༥ | རང་སྦྱོང། | |
༠༩།༣༠ ནས་ ༡༠།༣༠ | ནང་ཆོས། རྒན་ཚོགས་གཉིས་དངོས་གྲུབ། རབ་བྱེད་དང་པོ། ཆོས་འབྱུང། རབ་བྱེད་གཉིས་པ། གྲུབ་མཐའ། རབ་བྱེད་ལྔ་པ། དབུ་མ། | |
༡༠།༣༠ ནས་ ༡༡།༣༠ | བོད་ཡིག །རྒན་ཡོན་ཏན། དག་ཡིག་ས་མཐའི་རྣམ་དབྱེ། རྟགས་འཇུག་འགྲེལ་པ་དཀའ་གནད་གསལ་མེ། སྙན་ངག །། | |
༡༡།༣༠ ནས་ ༡།༣༠ བར་ཉིན་གུང་ཞལ་ལག་དང་བར་སེང། | ||
ཉིན་རྒྱབ་འཛིན་གྲྭ། | ||
༡།༣༠ ནས་ ༢།༣༠ | རིགས་ལམ། རྒན་ཡེ་ཤེས་ཐར་འདོད། བློ་རིག རྟགས་རིགས། ཚད་མ། | |
༢།༣༠ ནས་ ༣།༣༠ | བོད་ཡིག རྒན་སངས་རྒྱས་ཚུལ་ཁྲིམས། སུམ་འགྲེལ་ལེགས་བཤད་ལྗོན་དབང། ས་པཎ་དག་ཡིག།ཡིག་བསྐུར། རྩོམ་ཡིག | |
༣།༣༠ ནས་ ༤།༠༠ གསོལ་ཇའི་བར་སེང། | ||
༤།༠༠ ནས་ ༥།༠༠ | ནང་ཆོས། རྒན་བསོད་ནམས་བློ་གྲོས། ཕར་ཕྱིན་དང་། མཛོད། | |
ཕྱི་དྲོའི་བྱེད་སྒོ། | ||
༥།༠༠ ནས་ ༦།༣༠ བར་དགོང་དྲོའི་ཞལ་ལག་དང་བར་སེང། | ||
༦།༣༠ ནས་ ༠༨།༣༠ | རིགས་ལམ་རྩོད་པ་དང་། དམ་བཅའ་འཚོག་རྒྱུ། | |
ཟླ་རེར་རེས་གཟའ་མིག་དམར་ལ་མཁས་པའི་གསུང་བཤད་གོ་སྒྲིག་དང་། མཚམས་རེར་བགྲོ་གླེང་འཚོག་རྒྱུ། | རེས་གཟའ་ལྷག་པར་གུང་སེང། | |
སྔ་དྲོ་ཕྱག་ཚོད་ ༦།༠༠ པར་བཞེངས་བརྡ། | དགོང་དྲོ་ཕྱག་ཚོད་ ༡༠།༣༠ ལ་གཟིམ་བརྡ། | |
ཕྱི་ཟླ་ ༡༠ ཙམ་ནས་རྒན་འབྲུག་གྲགས་ལགས་ནས་རྒན་ཉིད་ཀྱི་དུས་ཚོད་དང་བསྟུན། རབ་བྱེད་བདུན་པ་སྔགས་ཀྱི་སློབ་ཚན་ཁྲིད་གནང་རྒྱུ་བཅས། |