གདན་རབས་ལོ་རྒྱུས་གཉིས་པ།

གདན་རབས་རིམ་བྱོན་གྱི་མཚན་ཐོ། རྗེ་བཙུན་ཤེས་རབ་སེང་གེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཕྱག་བཏབ་པ་ནས་ད་ལྟའི་ [ ༢༠༢༣ ] བར་དུ། འཆད་ཉན་གྱི་བླ་རབས་སམ་གདན་རབས་རིམ་པར་བྱོན་ཏེ་སྔར་སྲོལ་རྒྱུད་འགྲེལ་ཆེན་མོ་སོགས་ཀྱི་འཆད་ཉན་གྱི་རྒྱུན་གང་ཡོད་མི་ཉམས་རྒྱུན་འཛིན་དང་གོང་སྤེལ་གནང་བ་སོགས་ཀྱིས་མཚོན་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་གྲྭ་ཚང་གི་གདན་རབས་རིམ་བྱོན་གྱི་སྐོར་རམ་ངོ་སྤྲོད་བཞུགས།

གདན་རབས་ལོ་རྒྱུས་གཉིས་པ།

༨] མཁས་པ་རིན་ཆེན་འོད་ཟེར། [ བྱང་ཆོས་དང།དགའ་ལྡན་ཁྲིར་ཕེབས། ]

དཔལ་ལྡན་ཚོགས་གཉིས་སྟོབས་ལས་འཁྲུངས་པའི་སྐུ།།
ཟབ་དོན་ལེགས་བཤད་རིན་ཆེན་འདོམས་པའི་གསུང།།
མཁྱེན་བརྩེ་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་ཐུགས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།

དགའ་ལྡན་ཁྲི་ཐོག་བཅུ་བཞི་པ་སྟོད་ལུང་རིན་ཆེན་འོད་ཟེར་ནི། རབ་བྱུང་བརྒྱད་པའི་ཆུ་བྱ་ ༡༤༥༣ ལོར། དབུས་ཀྱི་སྟོད་ལུང་མདའི་ཞིང་བཟང་དུ་འཁྲུངས། སྐུ་ན་ཆུང་དུས་ནས། གདན་ས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང༌། རབ་འབྱམས་སྨྲ་བ་གུང་རུ་རིན་ཆེན་བྱང་ཆུབ་ལས་རབ་ཏུ་བྱུང་བའི་མཚན་ལ་རིན་ཆེན་འོད་ཟེར་ཞེས་བཏགས། རྗེ་རིན་ཆེན་བྱང་ཆུབ་དེ་ཉིད་ལས་དབུ་ཕར་དང༌། དགའ་ལྡན་ཁྲི་ཐོག་བཅུ་པ་བློ་གླིང་པ་འདན་མ་ཆོས་རྗེ་ཡེ་ཤེས་བཟང་པོ་ལས་རྣམ་འགྲེལ་དང་འདུལ་མཛོད་བཅས་བཀའ་ཆེན་ལྷག་མ་རྣམས་གསན་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ། རྒྱུད་རྒྱུད་ཆེན་ཚུལ་ཁྲིམས་བཟང་པོ་ལས་འདུས་པའི་རྩ་བཤད་ཀྱི་རྒྱུད་རྣམས་དང་། ཁྲིད་ཆེན་བརྒྱད། བསྐྱེད་རྫོགས། ཊཱིཀྐ་ལ་སོགས་པ་རྣམས་དང་། གཤེད་སྐོར་གྱི་རྒྱུད་འགྲེལ་སོགས་ལ་སྦྱངས་པས་མདོ་སྔགས་ཡོངས་སུ་རྫོགས་པའི་མཁས་པར་གྱུར། དབུས་སྟོད་ཉེ་སྡིངས་སུ་དྲུང་པ་གཟིགས་ཆེན་པས་མཁན་པོ་དང༌།འོད་སྲུང་བས་ལས་སློབ། བློ་གྲོས་ཆོས་དབང་པས་གསང་སྟོན་མཛད་དེ་དགེ་འདུན་གྲངས་ཚང་པའི་དབུས་སུ་བསྙེན་པར་རྫོགས།དགུང་ལོ་ཞེ་དྲུག་པ་རབ་བྱུང་བརྒྱད་པའི་ས་རྟ་ ༡༤༩༨ ལོར་སྨད་རྒྱུད་མཁན་ཁྲིར་ཕེབས་ཏེ་སྔར་སྲོལ་བཞིན་རྒྱུད་ཀྱི་འགྲེལ་བཤད་དང་བསྐྱེད་རྫོགས་སོགས་འཆད་ཉན་རྣམས་མ་ཉམས་པར་མཛད་མུར། དགུང་ལོ་ང་དགུ་པ་རབ་བྱུང་དགུ་པའི་ལྕགས་ལུག་ ༡༥༡༡ ལོར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས།

དགུང་གྲངས་རེ་བཞི་པ་རབ་བྱུང་དགུ་པའི་མེ་བྱི་ ༡༥༡༦ ལོར་བསྟན་རྩིས་གསལ་བའི་སྒྲོན་མེ་ཞེས་པ་མཛད།

དགུང་ལོ་བདུན་ཅུ་པ་ཆུ་རྟ་ ༡༥༢༢ ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཕེབས་ཏེ། ལོ་བརྒྱད་ཀྱི་བར་དུ་དབྱར་དགུན་མཛད་རིམ་རྣམས་ཆག་མེད་དུ་མཛད་པ་དང་། མཁས་བཙུན་བཟང་གསུམ་ཡ་མ་བྲལ་བའི་ངང་ནས་གདན་ས་ཆེན་པོ་ཚུལ་བཞིན་དུ་བསྐྱངས་ཤིང་རྒྱལ་བ་འོད་དཔག་མེད་ཀྱི་གསེར་སྐུ་སྐུ་རྒྱབ་མཐོ་བཅུ་དྲུག་གི་ཚོད་ཅན་གསར་བཞེངས་མཛད། དགུང་ལོ་དོན་བདུན་པ་ས་གླང་ ༡༥༢༩ ལོར་པཎ་ཆེན་བསོད་ནམས་གྲགས་པ་ཁྲི་ཚབ་ཏུ་མངའ་གསོལ་ནས་རང་ཉིད་གསེར་ཁྲི་ལས་ཟུར་ཏེ་སྲས་ཁང་དགོན་དུ་ཟུར་བཞུགས་གནང༌། དགུང་ལོ་གྱ་བརྒྱད་པ་ལྕགས་བྱི་ ༡༥༤༠ ལོར་སྲས་ཁང་དགོན་དུ་སྐུ་ཞི་བར་གཤེགས། བཀའ་རྩོམ་ལ། ཆོས་འབྱུང་གསལ་བའི་སྒྲོན་མེ་སོགས་སྣང་ཞིང༌། གསུང་ལས་སྐྱེས་པའི་སློབ་མ་ནི། ཁྲི་ཆེན་ཆོས་སྐྱོང་རྒྱ་མཚོ། ཁྲི་ཆེན་རྒྱལ་མཚན་བཟང་པོ། ཁྲི་ཆེན་ཆོས་གྲགས་བཟང་པོ་སོགས་མང་དུ་བྱོན།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)