སྨོན་ལམ་ཆོས་ཐོག །
ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། རྗེ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ནང་ཚན་ཏེ། སྤྱི་ལོ་ ༡༤༠༩ ལོ་བོད་ས་གླང་ལོར། གསར་དུ་བཙུགས་པའི་དུས་མཆོད་ཁྱད་པར་ཅན་ཞིག་ཡིན་ལ། དེ་ཉིད་གདན་ས་གསུམ་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱིས་མཚོན་པའི་རི་བོ་དགེ་ལུགས་པའི་དགོན་སྡེ་ཡོངས་ཀྱིས་གལ་ཆེར་སྲུང་བརྩི་ཞུ་བ་ཡིན། གྲྭ་ཚང་འདི་ཉིད་ལ་མཚོན་ན། ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བོད་ཟླ་དང་པོའི་ནང་ཉིན་གྲངས་ ༢༡ གི་རིང་ལ་དཔལ་གསང་བ་འདུས་པའི་བདག་འཇུག་བཞེས་པ་དང༌། ལྷག་པར་རབ་གནས་དགེ་ལེགས་ཆར་འབེབས་དང་།
ལྕགས་མཁར་ཆེན་མོ་གཉིས་ཚུགས་དགོས་པས། རབ་གནས་ཆེན་མོ་ནི་ཡི་དམ་གསང་བདེ་འཇིགས་གསུམ་གའི་སྒོ་ནས་ཚུགས་རྒྱུའི་ཕྱག་སྲོལ་ཡོད། རབ་གནས་སྐབས་ཚོགས་ཁང་ནང་མཆོད་རྗས་སྣ་ཚོགས་འགྲེམས་ཤིང༌། སྐུ་གསུང་ཐུགས་རྟེན་མང་དུ་བཞུགས་སུ་གསོལ་བ་དང་། རབ་གནས་ཉིན་གཉིས་པ་དངོས་གཞིའི་ཉིན་རྒྱས་པའི་སྦྱིན་སྲེག་གནང་བ་དང༌། ཉིན་གསུམ་པ་གཏང་རག་ཉིན་ཞི་བའི་སྦྱིན་སྲེག་གནང་། གཞན་ཡང་སྨོན་ལམ་ཆོས་ཐོག་འདིའི་རིང༌། ལྕགས་མཁར་ཆེན་མོ་ཚོགས་པ་དང། སྨོན་ལམ་གྱི་ཚེས་ ༡༥ ཉིན་བཙོ་ལྔ་མཆོད་པ་སྒྲིག་གཤོམ་དང༌། དགོང་དྲོ་གསང་ཐག་ཀྱང་གཟིགས་འབུལ་ཞུས་ཏེ། དེའི་སྐབས་གསང་ཐག་གཟིགས་པ་དང་མཆོད་མཇལ་དུ་མི་ཚོགས་མང་པོ་འདུ་འཛོམས་བྱེད་པ་ཡིན། དེང་སྐབས་བྱེས་སུ་རབ་གནས་ཆེན་མོ་བོད་ཟླ་དྲུག་པའི་ཚེས་བཞིའི་དུས་ཆེན་དང་སྟབས་བསྟུན་གྱིས་འཚོགས་བཞིན་ཡོད།
ཞོག་དང་པོའི་ཆོས་ཐོག །
མགོན་པོ་གུར་གྱིས་ལུང་བསྟན་པའི་གནས་སུ་གྲགས་པ། ཞོག་ཆོས་ཐོག་ཕེབས་ཡུལ་ལྷ་ས་ནས་ལེ་དབར་ ༢༠ ཙམ་གྱི་གནས་སུ་ཡོད་པ་དང། གནས་འདིར་བོད་ཟླ་གཉིས་པའི་ཚེས་ ༤ ཉིན་གདིང་རྒྱག་གནང་སྟེ། ཚེས་ ༡༦ བར་ཆོས་ཀྱི་མཛད་སྒོ་མང་དུ་ཡོད་པ་ལས། ཤིང་སློང་དང༌། མགོན་ཆོས་གཉིས་ཀྱི་བསྐང་གསོ་རྒྱས་པ་གཏོར་ཆེན་ལོ་གཅིག་ལ་བདུན་ཡོད་པའི་དང་པོ་ཆོས་ཐོག་འདི་ནས་གནང་བ་ཡིན་ལ། གཞན་ཡང་བླ་མ་རྒྱུད་མཆོད་དང། གསང་འདུས་རྩ་རྒྱུད་ཚར་ཕུད། བདེ་མཆོག་བདག་འཇུག །གསོ་སྦྱོང་ཆེན་མོ་སོགས་ཡོད། མཁན་རིན་པོ་ཆེ་ནས་ལོ་གཅིག་གི་འཆད་ཉན་རྣམས་ཆོས་ཐོག་འདི་ནས་དབུ་འཛུགས་གནང་ཡིན། [ འཆད་ཉན་གྱི་སྐོར་གཤམ་དུ་གསལ། ]
ཨེ་ཝཾ་ཆོས་ཐོག །
ཨེ་ཝཾ་ཆོས་ཐོག་ནི་བོད་ཟླ་གཉིས་པའི་ཟླ་དཀྱིལ་ནས། བོད་ཟླ་གསུམ་པའི་ཟླ་མཇུག་བར་ཚོགས་ཤིང་། ཆོས་ཐོག་འདིའི་ཆོས་ཀྱི་མཛད་སྒོ་ནི། བོད་ཟླ་གཉིས་པའི་ཚེས་ ༡༩ ནས་ཉིན་གྲངས་དགུ་ཙམ་ཀྱི་རིང་བོད་བསྟན་སྲིད་ཀྱི་ཞབས་རིམ་ཅི་རིགས་གནང་བ་དང༌། དེ་མིན་གཏོར་རྒྱག་དང༌། གཏང་རག་གི་བསྐང་གསོ། གཞན་ཡང་དུས་སེང་ལ་འཛིན་སྐྱོར་སྦྱང་དང༌། བསླབ་པ་སློབ་གཉེར། སྒོམ་སྒྲུབ་ཉམས་བཞེས་ཅི་རིགས་གནང་ནས་བཞུགས་པ་ཡིན།
ཞོག་གཉིས་པའི་ཆོས་ཐོག །
བོད་ཟླ་གསུམ་པའི་ཚེས་ ༢༤ ཉིན་ཞོག་གཉིས་པའི་ཆོས་ཐོག་དབུ་འཛུགས་གནང་སྟེ། བོད་ཟླ་བཞི་པའི་ཚེས་ ༧ བར་ཚོགས་ཤིང་། ཆོས་ཐོག་འདིར་འཇུག་སྒོ་ལྔ་ཆེན་ཞེས་ལོ་གཅིག་གི་བཀའ་རབས་འབྱམས་དགེ་བཤེས་རྣམས་དང། དཔེ་མཚམས་པ་གསར་ཞུགས་རྣམས་ཀྱི་གསན་བསམ་སློབ་གཉེར་ལ་གེགས་བར་ཆད་ཞི་བའི་ཆེད་ཞབས་རིམ་དུ་བསྐང་གསོ་ཚོགས་གནང་བ་དང༌། དེ་བཞིན་དུ་གསང་འདུས་རྩ་རྒྱུད་ཚར་ཕུད་ཚོགས་དགོས་ཤིང། ལོ་གཅིག་གི་ནང་དུ་གསང་འདུས་རྩ་རྒྱུད་ཚར་ཕུད་བརྒྱད་ཡོད་པ་ལས། ཆོས་ཐོག་འདིར་གསང་འདུས་རྩ་རྒྱུད་ཚར་ཕུད་ཐེངས་གཉིས་པ་དེ་ཁེལ་བ་ཡིན། གཞན་མཁན་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་ཀྱི་བཀའ་ཁྲིད་གནང་ཞིང་། ཊཱིཀྐ་དང༌། བསྐྱེད་རིམ་གྱི་བརྩི་བཞག་སྟེ་ཐུགས་ཐོག་ནས་གསུང་རྒྱུས་མཚོན་པའི་ཆོས་འཆད་ཉན་ཀྱི་མཛད་རིམ་རྣམས་མུ་མཐུད་ནས་ཡོད་པ་ཡིན། ཡང་གོང་གི་ཞོག་དང་པོའི་གཏོར་ཆེན་ལྟར་ལོ་གཅིག་ནང་གཏོར་ཆེན་ཐེངས་བདུན་ཡོད་པ་ལས། གཏོར་ཆེན་གཉིས་པ་ཆོས་ཐོག་འདིར་ཚོགས་ཤིང་། གཞན་ཡང་བསྐྱེད་རིམ་ཤིས་བརྗོད་དང། ཤིས་བརྗོད་ཆེན་མོ་སོགས་ཚོགས་དགོས་པ་དང་། ཆོས་དབར་རྣམས་སུ། དགེ་རྒན་གྱི་དྲུང་ནས་ཕྱག་དཔེ་ཁྲིད་པ་དང་། ཕྱག་དཔེ་བློ་འཛིན་གནང་བ་སོགས་འཛིན་སྐྱོར་སྦྱང་གིས་དུས་འདའ་བར་མཛད་དགོས།
སྟག་རྩེ་ཆོས་ཐོག །
སྟག་རྩེ་ཆོས་ཐོག་ནི་བོད་ཟླ་བཞི་པ་ས་ག་ཟླ་བའི་ནང་ཁེལ་ཞིང༌། ས་ཟླའི་ཚེས་ ༨ ཉིན་ཆོས་ཐོག་འདིའི་གདིང་རྒྱག་གནང་ནས། ཤིང་སློང་དང༌། དཔལ་གསང་བ་འདུས་པའི་བདག་འཇུག་བཞེས་པ། དེ་བཞིན་དཔལ་འཁོར་ལོ་བདེ་མཆོག་གི་བདག་འཇུག་བཞེས་ཞིང༌། ལྷག་པར་ཚེས་ ༡༥ ཉིན་གསང་བདེ་འཇིགས་གསུམ་གའི་བདག་བསྐྱེད་ཀྱི་ཆོ་ག་གཏོང་བ་དང་། དེ་ཉིན་གསང་འདུས་རྩ་རྒྱུད་ཚར་ཕུད་ཀྱང་ཚོགས་པ་ཡིན། གཞན་ཞོག་དང་པོ་དང་འདྲ་བའི་གཏོར་ཆེན་ཡང་ཚོགས་པ་དང་། ཉིན་ཚོགས་མེད་པའི་སྐབས་ལ་མཁན་རིན་པོ་ཆེ་ནས་འགྲེལ་པ་བཞི་སྦྲགས་ཀྱི་བཀའ་ཁྲིད་དང༌། བརྩི་བཞག་ཀྱང་སྔོན་མའི་འཕྲོ་ནས་མུ་མཐུད་ནས་ཡོད། ཁྱད་པར་དྭགས་པོ་རབ་འབྱམས་པ་རྣམས་ཀྱིས་མདོ་ཕྱོགས་ཀྱི་དམ་བཅའ་འཇོག་པ་ཡིན།
ལ་མོ་དང་འཕན་པོ་ཆོས་ཐོག །
ལ་མོ་ཆོས་ཐོག་ཏུ་ཕེབས་སའི་གནས་དེ་ནི་རྗེ་བཙུན་ཤེས་རབ་སེངྒེ་སྐུ་མྱ་ངན་ལས་འདས་རྗེས་སྐུ་གདུང་ཞུགས་འབུལ་ཞུ་སའི་གནས་ཡིན་པ་དང༌། ལོ་གཅིག་ལ་ལ་མོ་ཆོས་ཐོག་གནས་དེར་ཕེབས་པ་དང༌། ལོ་གཅིག་ལ་འཕན་པོ་ཆོས་ཐོག་ཏུ་ཕེབས་ཏེ། བོད་ཟླ་ལྔ་པའི་ཚེས་ ༢ ཉིན་གདིང་རྒྱག་གནང་ནས། ཤིང་སློང་དང༌། བསླབ་གྲལ། གཞན་ཡང་མཁན་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ཁྲིད་དང༌། ཐུགས་ཐོག་ནས་ཊཱིཀྐ་དང༌། བསྐྱེད་རིམ་བརྩི་བཞག་གནང་རྒྱུ་ཡང་སྔོན་མའི་འཕྲོ་ནས་མུ་མཐུད་དེ་ཡོད་པ་དང་། གསང་འདུས་རྩ་རྒྱུད་ཚར་ཕུད། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་མོའི་བདག་འཇུག །གཏོར་རྒྱག་སོགས་མཛད་ཅིང༌། ཆོས་ཐོག་འདི་གྲོལ་ནས་སླར་ཡང་ལྷ་སར་ཕེབས་ཏེ་ཚེས་ ༡༧ བར་བདུན་ཕྲག་གཅིག་ཙམ་གྱི་རིང་ཆོས་མཚམས་གནང་སྟེ། ཆོས་ཀྱི་སློབ་གཉེར་དང་ཉམས་བཞེས་ཅི་རིགས་མཛད་དེ་བཞུགས་པ་ཡིན།
བདེ་ཆེན་དབྱར་ཆོས་ཆོས་ཐོག །
བདེ་ཆེན་དབྱར་ཆོས་ཐོག་ནི། བོད་ཟླ་ལྔ་པའི་ཚེས་ ༡༨ ཉིན་གདིང་རྒྱག་གནང་ནས། ཤིང་སློང་དང༌། བསླབ་གྲལ། དཔལ་གསང་བ་འདུས་པའི་བདག་འཇུག་ཆེན་མོ་བཞེས་ཤིང༌། དེ་བཞིན་དུ་གསང་འདུས་རྩ་རྒྱུད་ཚར་ཕུད་དང་། གཏོར་ཆེན་ཉིན་གཉིས་སོགས་ཚོགས་ནས། སླར་ཡང་ལྷ་སར་ཕེབས་ཏེ་ཆོས་མཚམས་ཉིན་ཞག་ལྔ་ཙམ་ཡོད་པས། དེའི་རིང་བསླབ་པ་སློབ་གཉེར་དང་ཉམས་བཞེས་ཅི་རིགས་མཛད་དེ་བཞུགས་པ་དང་། མཁན་རིན་པོ་ཆེས་དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱི་བཀའ་ཁྲིད་དང༌། ཊཱིཀྐ་དང༌། བསྐྱེད་རིམ་ཀྱི་བརྩི་བཞག་སོགས་སྔོན་མའི་འཕྲོ་ནས་མུ་འཐུད་དེ་གནང་བ་ཡིན།
ཚལ་ཆོས་ཐོག །
ཚལ་ཆོས་ཐོག་ནི་བོད་ཟླ་དྲུག་པའི་ཚེས་ ༨ ཉིན་གདིང་རྒྱག་གནང་ནས་ཟླ་ཕྱེད་ཙམ་ལ། དཔལ་གསང་བ་འདུས་པའི་བདག་འཇུག་བཞེས་པ་དང༌། བསླབ་གྲལ། གསང་འདུས་རྩ་རྒྱུད་ཚར་ཕུད། དགོང་དྲོ་བསྙེན་རྫོགས་བསླབ་གྲལ་ཞེས་པ་རྟེན་འབྲེལ་གྱི་གནད་ཀྱིས་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པའི་དགེ་འདུན་ཞལ་གྲངས་ ༣༢ ཀྱིས་ཚོགས་ནས། དཔལ་གསང་བ་འདུས་པའི་བདག་བསྐྱེད་ཤིན་ཏུ་དལ་བུར་གསུངས་ཏེ། མཚན་ཕུད་གནང་བའི་ཕྱག་སྲོལ་ཡོད་པ་དང་། མཚན་ཚོགས་བསྙེན་རྫོགས་བསླབ་གྲལ་ཀྱི་ཚོགས་སྔ་དྲོ་གྲོལ་བ་དང༌། འདུས་མང་གིས་བདེ་མཆོག་བདག་འཇུག་བཞེས་པའི་བཞེངས་བརྡ་བཏང་བ་དུས་མཉམ་དུ་འཁེལ་བ་ཡིན། གཞན་ཡང་གསོ་སྦྱོང་ཆེན་མོ། གཏོར་ཆེན་ཉིན་གཉིས་ཚོགས་པ་དང་། ཉིན་ཚོགས་མེད་པའི་སྐབས་ལ་མཁན་རིན་པོ་ཆེས་དཔེ་ཐོག་ནས་དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ཁྲིད་དང༌། ཐུགས་ཐོག་ནས་ཊཱིཀྐ་དང༌། བསྐྱེད་རིམ་གྱི་བརྩི་བཞག་བཅས་སྔོན་མའི་འཕྲོ་ནས་མུ་མཐུད་དེ་གནང་བ་ཡིན།
འབྲས་སྤུངས་ཧར་གདོང་ཆོས་ཐོག །
འབྲས་སྤུངས་ཧར་གདོང་ཆོས་ཐོག་ནི། གདན་ས་ཆེན་པོ་འབྲས་སྤུངས་ཧར་གདོང་དུ་ཕེབས་ནས། ཆོས་ཀྱི་མཛད་རིམ་ཅི་རིགས་ཉམས་སུ་བཞེས་དགོས་པ་ཡིན་པས། བོད་ཟླ་ ༦ ཚེས་ ༢༤ ཉིན་གདིང་རྒྱག་གནང་ནས། དཔལ་གསང་བ་འདུས་པའི་བདག་འཇུག་ཆེན་མོ་བཞེས་པ་དང༌། བསླབ་གྲལ་གནང་སྟེ། མཁན་རིན་པོ་ཆེས་དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱི་བཀའ་ཁྲིད་དང༌། ཊཱིཀྐ་དང༌། བསྐྱེད་རིམ་གྱི་བརྩི་བཞག་བཅས་སྔོན་གྱི་འཕྲོ་ནས་མུ་མཐུད་དེ་འཆད་ཉན་གནང་ཞིང་། གཞན་ཡང་གསང་འདུས་རྩ་རྒྱུད་ཚར་ཕུད་དང༌། གཏོར་རྒྱག་དཀྱུས་མ་སོགས་ཀྱང་ཚོགས་གནང་བ་ཡིན།
སེ་ར་བསམ་བློ་དང་སེ་ར་ཆོས་སྡིངས་སུ་ཆོས་ཐོག །
ཆོས་ཐོག་ཕེབས་ཡུལ་ནི། སེ་ར་བསམ་བློ་དང༌། སེ་ར་ཆོས་སྡིངས་གཉིས་སུ་རིམ་བཞིན་ཕེབས་ནས། བོད་ཟླ་བདུན་པའི་ཚེས་ ༡ ནས་ཉིན་གྲངས་བཅོ་ལྔ་ཙམ་གྱི་རིང་ལ། བསླབ་གྲལ་མཛད་ཅིང༌། མཁན་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་ཀྱི་བཀའ་ཁྲིད་ཆོས་ཐོག་འདི་ནས་མཇུག་བསྒྲིལ་གནང་དགོས་པ་དང༌། ཊཱིཀྐ་ལེའུ་དང་པོ་དང༌། གསང་འདུས་བསྐྱེད་རིམ་ཡང་ཆོས་ཐོག་འདིར་མཇུག་བསྒྲིལ་གནང་དགོས། སེ་ར་ཆོས་སྡིངས་སུ་རྗེ་ཙོང་ཁ་ཆེན་པོའི་སྐུ་དྲུང་དུ། རྗེ་བཙུན་ཤེས་རབ་སེངྒེས་མ་འོངས་པར་རྒྱུད་ཀྱི་འཆད་ཉན་གནང་རྒྱུའི་ཞལ་བཞེས་གནང་བའི་གནས་ཁྱད་པར་ཅན་ཡིན་པ་དང༌། འདིར་ཡང་གསང་འདུས་རྩ་རྒྱུད་ཚར་ཕུད་དང༌། ཤིས་བརྗོད། གཏོར་རྒྱག་དཀྱུས་མ་སོགས་མཛད་ཅིང་། དེ་ནས་ལྷ་སར་ཕེབས་ཏེ་ཉིན་ཤས་རིང་ཆོས་མཚམས་གནང་ནས་བསླབ་པ་སློབ་གཉེར་ཅི་རིགས་མཛད་དེ་བཞུགས་པ་ཡིན།
ཕྱིར་མིག་ལུང་གི་ཆོས་ཐོག །
འཇུག་སྒོ་ཆེན་མོའི་གནས་ཕྱིར་མིག་ལུང་དུ། དབྱར་ཕྱི་མ་ཞལ་བཞེས་མཛད་པ་དང༌། གར་ཐིག་དབྱངས་གསུམ་གྱི་མཛད་རིམ་རྣམས་ཡོད་ཅིང། ལྷག་པར་མཁན་རིན་པོ་ཆེས། འཆན་ཉན་གཞན་ཡང་མང་དུ་གནང་བའི་ཆོས་ཐོག་ཅིག་ཡིན། བོད་ཟླ་བདུན་པའི་ཚེས་ ༡༥ ཉིན་གནས་འདིར་གདིང་རྒྱག་གནང་དགོས་པས། ཐོག་མར་ལས་སྣེ་གོང་མས་མཚན་ཐོ་ལྗགས་ཀློག་གནང་རིམ་བཞིན་ཚོགས་ཁང་དུ་ཕེབས་གནང་བ་དང་། དེའི་ཉིན་གསོ་སྦྱོང་ཁེལ་བ་ཡིན། དེའི་སང་ཉིན་ཚེས་ ༡༦ ཉིན་གྱི་སྔ་དྲོར་དབྱར་ཁས་ལེན་མཛད་པ་དང་། གཞན་ཡང་ལྷུང་བཟེད་མཆོད་པ་དང་། དཔལ་གསང་བ་འདུས་པའི་བདག་འཇུག་བཞེས་པ། གཏོར་ཆེན་དང༌། གཏོར་འདྲ། འཇིགས་བྱེད་དང་། བདེ་མཆོག་གི་བདག་འཇུག་སོགས་ཡོད་ཅིང་། ཉིན་ཚོགས་མེད་སྐབས་མཁན་རིན་པོ་ཆེས། རྗེ་ཙོང་ཁ་བ་ཆེན་པོའི་བདེ་མཆོག་གི་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གྱི་བཀའ་ཁྲིད་དང་། ཁྲིད་ཆེན་བརྒྱད་ཀྱི་བཤད་ལུང༌། དེ་བཞིན་ཊཱིཀྐ་ལེའུ་གཉིས་པ་སོགས་བཤད་ལུང་གི་རྒྱུན་མ་ཆད་པར་གནང་བ་དང་། དབྱར་གནས་རིང་མཚམས་ཁང་ནང་མཚམས་བསྙེན་སྒྲུབ་ཏུ་བཞུགས་མཁན་མང་དུ་ཡོད་པ་རྣམས་ལ་ཁྲིད་ཁང་བརྩི་བཞག་ཅེས་བཀའ་རྒྱ་མའི་ཆོས་སྐོར་ཞིག་ཀྱང་གནང་བ་ཡིན། ཁྱད་པར་བོད་ཟླ་ ༨ ཚེས་ ༡༥ ལ་དབྱངས་ར་ཆེན་མོའི་ཉིན་དང་པོར་དམ་ཅན་གྱི་སྐུ་མཁར་བཞེངས་པའི་མདུན་དུ་མཁན་བླ་གཉིས་དབུ་བཞུགས་ཐོག །ཆོག་གྲྭ་རྣམས་ནས་དམ་ཅན་གྱི་གསོལ་མཆོད་གཏོང་སྲོལ་ཡོད་པ་དང་། དེ་ནས་ཉིན་ཞག་ལྔ་ཡི་རིང་ལ་དབྱངས་ར་ཆེན་མོ་འཚོགས་དགོས་ཤིང་། ཉིན་ལྟར་སྔ་དྲོ་འཇིགས་བྱེད་ཀྱི་བདག་བསྐྱེད་ཆོ་ག་སྔོན་དུ་བཏང་ནས། ཚོགས་མང་གིས་མགོན་ཆོས་གཉིས་ཀྱི་བསྐང་གསོ་དབྱངས་སུ་གྱེར་བ་སྟེ། དབྱངས་ར་ཚོགས་ལུགས་ནི། བྱང་འདྲེན་གྱིས་རྡོ་བརྡུངས་པ་དང་ཚོགས་མང་དབྱངས་རར་ཕེབས་ནས་བྱང་འདྲེན་དབུས་སུ་བཞུགས། ཚོགས་མང་ནི་ཁང་ཚན་བཞི་རུ་བགོས་ཏེ་ཕྱོགས་བཞི་ལ་བཞུགས་ནས་སྔ་དྲོའི་དབྱངས་ར་ཚོགས་པ་ཡིན། ཉིན་སོ་སོར་དབྱངས་མི་འདྲ་བ་འཐེན་པ་དང༌། ཉིན་སྔ་མ་སྔ་ལས་ཕྱི་མ་ཕྱི་མར་དབྱངས་ཀྱི་རྣམ་གྲངས་མང་དུ་འགྲོ་བ་དང་། དེ་ཡང་ཉིན་རེར་དབྱངས་ར་ཐེངས་གཉིས་རེ་ཚོགས་དགོས་ཤིང་། སྔ་དྲོའི་དབྱངས་ར་གྲོལ་ནས་རང་རང་གི་རྩིག་རར་ཆོས་ཀྱི་སློབ་སྦྱོང་ཅི་རིགས་གནང་ནས་བཞུགས་པ་ཡིན། དེ་རྗེས་དགོང་དྲོའི་དབྱངས་ར་ཚོགས་ལུགས་ནི། སྔ་དྲོ་དང་མི་འདྲ་བར། ཚ་བ་ཁང་ཚན་གཡས་ཕྱོགས་སུ་བཞུགས་པ་དང་། ཁང་ཚན་གཞན་རྣམས་གཡོན་ཕྱོགས་སུ་བཞུགས་ནས་ཚོགས་པ་ཡིན། ཆོས་ཐོག་འདིར་ཐུན་མོང་མ་ཡིན་པ་གར་ཐིག་དབྱངས་གསུམ་ཞེས་པ་ལྟར། དགེ་བཤེས་རྣམ་པ་དང། བསྐྱེད་རིམ་པ་གསར་པ་རྣམས་ལ། བླ་མ་དབུ་མཛད་ནས་ཐིག་རྒྱུགས་བཞེས་པ་ཡིན། དེ་ལྟར་དབྱར་གནས་རིང་ཕྱིར་མིག་ལུང་དུ་བཞུགས་ནས། དེ་ནས་གནམ་གང་ཉིན་དབྱར་དགག་དབྱེ་མཛད་དེ་ཆོས་ཐོག་འདི་གྲོལ་ཞིང་། དེ་ནས་རིམ་བཞིན་གྲམ་དང༌། མཚོ་སྨད། བ་རི། སྐྱོར་མོ་ལུང་སོགས་སུ་ཕེབས་ནས་ལྷ་སར་ཕེབས་འབྱོར་གནང་བ་ཡིན་ལ། ཆོས་ཐོག་འདིར་གྲྭ་ཚང་དུ་དགེ་འདུན་གསར་དུ་ཞུགས་པའི་འཇུག་སྒོ་ཞིག་ཀྱང་ཁེལ་བ་ཡིན།
དཔལ་རྡོ་རྗེ་འཇིགས་བྱེད་ཆེན་མོའི་ཆོས་ཐོག་དང༌། རྩེ་ཆོས་ཐོག །བདེ་ཆེན་སྟོན་ཆོས་སོགས།
བོད་ཟླ་དགུ་པའི་ཚེས་ ༨ ཉིན་ལྷ་སར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཆེན་མོའི་གདིང་རྒྱག་གནང་ནས། ཆོས་ཐོག་དབུ་འཛུགས་གནང་ཞིང་། དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བའི་བདག་འཇུག་བཞེས་དགོས་པ་ཡིན་པས། ཆོས་ཐོག་དབུ་མ་བཙུགས་གོང་གི་ཉིན་གྲངས་བདུན་བརྒྱད་སྔོན་ནས་ཟུར་དུ་སྦྱངས་པ་སྔོན་དུ་སོང་བའི་རྡུལ་ཚོན་པ་དགེ་འདུན་པ་བཞིས། ས་ཆོག་ནས་བཟུང་ཆོ་ག་དང་འབྲེལ་བའི་དཀྱིལ་འཁོར་གྱི་ཐིག་བཏབ་ཅིང༌། ཐོག་མར་སྟེགས་བུ་བསླང་བ་ནས་ནང་ཐིག་དང༌། རིམ་བཞིན་ཐིག་དྲུག །རྟ་བབས། ལྟེ་བ་ལྗང། པད་རྭ། རྡོ་རྭ། མེ་ར། དུར་ཁྲོད་བར་བསྐྱེད་རིམ་གྱི་གཞུང་དང་མཐུན་པ་ཚད་དང་ལྡན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དང་། ཚེས་ ༩ ནས་ཉིན་གསུམ་རིང་དེ་འདྲའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟེན་པའམ་དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བའི་བདག་འཇུག་བཞེས་པ་དང༌། ལྷག་པར་མཁན་རིན་པོ་ཆེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་འཇིགས་བྱེད་ཀྱི་བསྐྱེད་རིམ་ཐུགས་ཐོག་ནས་བརྩི་བཞག་བཏང་ནས། འཇིགས་བྱེད་བསྐྱེད་རིམ་སྐྱོར་དཔོན་གྱིས་ཚོགས་དབུས་སུ་ངག་ཐོག་ནས་ཡར་སྐྱོར་དགོས་པ་དང་། བདག་འཇུག་ཉིན་གསུམ་བཞེས་པའི་མཐར་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་དང། ཀླུ་ཆོག་སོགས་མཛད་དགོས་ཤིང༌། དེ་ནས་ཤིས་བརྗོད་གསུངས་ཏེ་གྲོལ་བ་ཡིན། ཆོས་ཐོག་འདིའི་བདག་འཇུག་ཉིན་གསུམ་རིང་དགོང་དྲོར་དགེ་བཤེས་རྣམས་ཀྱི་སྔགས་ཀྱི་དམ་བཅའ་ཆེན་མོ་ཚོགས་དགོས་པ་དང་། འཇིགས་བྱེད་ཆོས་ཐོག་འདི་གྲོལ་རྗེས། རྩེ་ཆོས་ཐོག་ཏུ་ཕེབས་ནས། ལྕགས་མཁར་ཆེན་མོ་ཉིན་གསུམ་ཚོགས་པ་དང༌། དེ་ནས་རིམ་བཞིན་བདེ་ཆེན་སྟོན་ཆོས་ཀྱི་ཆོས་ཐོག་ཚོགས་ནས། ཤིང་སློང་དང༌། བདག་འཇུག་ཆེན་མོ། གཏོར་འདྲ་སོགས་ཉམས་བཞེས་གནང་བ་ཡིན།
དཔལ་གསང་བ་འདུས་པའི་ཆོས་ཐོག་དང༌། དགའ་ལྡན་ཆོས་ཐོག །
བོད་ཟླ་བཅུ་པའི་ཚེས་ ༣ ཉིན་ལྷ་སར་གསང་འདུས་ཆོས་ཐོག་གི་གདིང་རྒྱག་གནང་ནས་ཆོས་ཐོག་འདི་དབུ་འཛུགས་གནང་བ་དང༌། དེ་ཡང་ཚེས་ ༤ ནས་ཉིན་ལྔའི་རིང་དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བའི་བདག་འཇུག་བཞེས་དགོས་པས། ཞོགས་ཚོགས་སུ་འདུལ་བའི་ཕྱག་བཞེས་ལྟར་དགེ་ཚུལ་རྣམས་ཀྱིས་དགེ་སློང་ལ་ལག་ཁུག་སྦྱིན་ལེན་གནང་བ་དང། གཞན་ཡང་མཆོད་གཡོག་གིས་རྡོར་དྲིལ་དང། ནང་མཆོད་སོགས་འགྲེམས་འབུལ་ཞུ་བ། འདུས་མང་གིས་ལྷུང་བཟེད་ནང་ཕུད་མཆོད་བཞེངས་པ་སོགས་རྒྱུན་ལྡན་ཉིན་ཞག་ཕྲུགས་གཅིག་གི་ཕྱག་བཞེས་རྣམས་མཛད། མཁན་རིན་པོ་ཆེའི་བརྩི་བཞག་གནང་བ་དང་། དེ་ནས་བར་ཇ་ཚོགས་ཤིང། དགོང་ཚིགས་སུ་དབང་རྫས་མཆོད་ནས་བདག་འཇུག་བཞེས་པ་སོགས་མཛད་པའི་མཐར། ཁ་སྐོང་གི་སྦྱིན་སྲེག་འབུལ་ཞིང། དེ་མིན་ཀླུ་ཆོག་དང་། གསང་འདུས་ཆོས་ཐོག་འདིར་གྲྭ་ཚང་གི་མ་ཎི་བུམ་སྒྲུབ་དང༌། མགོན་པོའི་གཏོར་ཆེན་སོགས་བོད་བསྟན་སྲིད་ཀྱི་ཞབས་རིམ་ཡང་མང་དུ་ཚོགས་པ་ཡིན་ཞིང་། གསང་འདུས་ཆོས་ཐོག་འདི་གྲོལ་ནས་བོད་ཟླ་བཅུ་གཅིག་པའི་ཚེས་ ༢༢ ཉིན་དགའ་ལྡན་ཆོས་ཐོག་ཅེས་པ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་དེར་གདིང་རྒྱག་གནང་སྟེ། བསླབ་གྲལ་དང༌། འཇུག་སྒོ་ལྔ་ཆེན། གཏོར་རྒྱག་དཀྱུས་མ་སོགས་ཚོགས་པ་དང། གཞན་ཡང་གནས་དང་གྲོགས་ཀྱི་ཁྱད་པར་ཅན་གྱིས་གདན་ས་འདིར་འཛིན་སྐྱོར་སྦྱང་དང་། བསླབ་པ་སློབ་གཉེར་གྱིས་དུས་འདའ་ནས་བཞུགས་པ་ཡིན། ལྷག་པར་དུ་དགའ་ལྡན་ཆོས་ཐོག་འདིར་མཁན་རིན་པོ་ཆེས་མཁས་གྲུབ་རྗེས་མཛད་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང༌། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་བཀའ་ཁྲིད་གནང་བ་ཡིན་ཞིང་། བཀའ་ཁྲིད་ཞུ་བ་པོ་ནི། གཙོ་བོ་ལོ་གཅིག་གི་གསར་ཞུགས་དགེ་བཤེས་རྣམ་པ་དང། བསྐྱེད་རིམ་པ་གསར་པ་རྣམས་ཀྱིས་གཙོ་བོ་གནང་དགོས་པ་དང་། དགའ་ལྡན་ཆོས་ཐོག་འདིར་གྲྭ་ཚང་དུ་དགེ་འདུན་གསར་དུ་ཞུགས་པའི་འཇུག་སྒོ་ཞིག་ཀྱང་ཁེལ་བ་ཡིན་ནོ། །
དཔལ་འཁོར་ལོ་བདེ་མཆོག་གི་ཆོས་ཐོག །
བོད་ཟླ་བཅུ་གཉིས་པའི་ཚེས་ ༥ ཉིན་ལྷ་སར་དཔལ་འཁོར་ལོ་བདེ་མཆོག་ཆོས་ཐོག་གི་གདིང་རྒྱག་གནང་ནས། ཚེས་ ༦ ཉིན་ནས་དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བའི་སྒྲུབ་མཆོད་ཆེན་མོ་ཉིན་བཞི་ཚོགས་དགོས་པས། དང་པོ་ཞོགས་ཚོགས་དང༌། དེ་ནས་བརྩི་བཞག་སྟེ་མཁན་རིན་པོས་བདེ་མཆོག་གི་བསྐྱེད་རིམ་ཐུགས་ཐོག་ནས་གསུངས་པ་དང་། དེ་ནས་བར་ཇ། དགུང་ཚིགས། དགོང་ཇ་སོགས་རིམ་བཞིན་ཚོགས་པ་དང། ཉིན་བཞི་པར་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་འབུལ་དགོས་ཤིང༌། སྦྱིན་སྲེག་སྐབས་དཀྱིལ་འཁོར་ནས་མཚན་མ་གདན་འདྲེན་པ་དང། འདས་ལྷ་ལ་སྦྱིན་སྲེག་གྲུབ་ནས་མཚན་མ་དཀྱིལ་འཁོར་དུ་སྤྱན་དྲངས་པ་ཡིན། སྦྱིན་སྲེག་གྲུབ་ནས་དཀྱིལ་འཁོར་གཤེགས་གསོལ་དང་གཏག་རག་གི་བྱ་བ་རྣམས་ལེགས་པར་མཛད་ཅིང་། ཤིས་བརྗོད་གསུངས་ཏེ་ཚོགས་གྲོལ། དེ་ནས་རྡུལ་ཚོན་ཀླུ་ལ་གཏད་པའི་ཕྱིར་མཆོད་པའི་བྱེ་བྲག་སྣ་ཚོགས་ཐོགས་ཏེ་ཆུ་ཀླུང་ཆེན་པོའི་འགྲམ་དུ་ཀླུ་ཆོག་ཏུ་ཕེབས་དགོས་པ་དང་། ཀླུ་ཆོག་ནས་ཡར་ཕེབས་ཏེ་དཀྱིལ་འཁོར་གྱི་ཐིག་དབྱི་བ་སོགས་མཛད་དེ། རེ་ཞིག་དཀྱིལ་འཁོར་ཀྱི་བྱ་བ་ལེགས་པར་རྫོགས་པར་མཛད་དོ། །དགོང་དྲོ་རྒྱུད་གཞུང་གྲོལ་བ་དང༌། དགེ་བཤེས་རྣམས་ཀྱིས་སྔགས་ཀྱི་དམ་བཅའ་ཆེན་མོ་ཉིན་གསུམ་ཚོགས་དགོས་པ་ཡིན། དེ་ནས་འབྲས་སྤུངས་བསམ་བློར་ཕེབས་ཏེ་གཏོར་རྒྱག་སོགས་ཆོས་ཀྱི་མཛད་རིམ་འགའ་ཞིག་གནང་ནས། སྨོན་ལམ་ཆོས་ཐོག་ཏུ་གདིང་རྒྱག་མཛད་པའོ། །
དེ་ལྟར་སྔར་བོད་དུ་དགོས་པ་ཁྱད་པར་ཅན་གྱི་དབང་གིས་ལྷ་ས་ནས་གནས་མཆོག་དེ་དང་དེར་ཕེབས་པ་ཡིན་མོད་ཀྱང། བྱེས་སུ་གནས་དེ་དང་དེར་དངོས་སུ་ཕེབས་རྒྱུ་མེད་ཀྱང། ཉམས་བཞེས་ཀྱི་མཛད་རིམ་དེ་རྣམས་ཉམས་ཆག་མེད་པར་གནང་བཞིན་པ་ཡིན་ནོ། །