རྒྱུད་སྨད་ཆོས་ཐོག་འཁོར་ཡུལ་གྱི་གནས།

ཞོག་གུར་སྨོན་དགོན།

མཚན་རྒྱས་པ་ཞོགས་གུར་མོའི་དགོན་ཞེས་ཞུ་བ་དང་བཀྲ་ཤིས་སྒང་གྲོང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་དེ་སྤྱི་ལེ་ལྔ་ཙམ་སོང་ན་ནུབ་ངོས་ཀྱི་རི་ཁུག་ཏུ་དགོན་དེ་མཇལ་རྒྱུ་ཡོད་ཅིང་། དགོན་དེ་ཐོག་མར་རྗེ་བཙུན་སྒ་ལོ་ཙཱ་ལ་མགོན་པོ་གུ་རུས་ལུང་བསྟན་པ་ལྟར་གནས་དེར་བཞུགས། ཞོགས་ཞེས་པ་ནི་ཨ་ཁུ་སྟོན་པས་གདོན་འདྲེ་དེད་ཕེབས་པས་རྒྱལ་དར་རི་ཟུར་ཞེས་པར་སླེབས་སྐབས། ང་འདི་རུ་ཞོགས་ཞེས་གསུངས་པ་ལས་ཞོགས་ཞེས་པའི་མིང་དེ་ལྟར་བྱུང་བ་དང་། དེའང་ཐོག་མར་དགོན་དེ་ད་ལྟའི་དགོན་གྱི་ཤར་ངོས་སྟག་རྩེ་རིན་ཆེན་སྒང་ཞེས་པར་ཡོད།

སྟག་རྩེ་རིན་ཆེན་སྒང་ནི་སྟག་རྩེ་དཔོན་པོ་མི་དབང་གི་སྒོས་གཞིས་ཡིན་པ་དང་། ཞོགས་དགོན་པ་ནི་སྟག་རྩེ་དཔོན་པོ་མི་དབང་གི་སྐུ་འཁོར་གྲྭ་ཚང་ལྟ་བུ་ཡིན། དེ་ནས་ཕག་གྲུ་དང་མི་མཐུན་པའི་རྐྱེན་བྱས་དགོན་པ་མེར་སྲེག་ཐེབས། དགེ་འདུན་ཡོངས་རྫོགས་ཁ་ཐོར་དུ་སོང་།

དེ་རྗེས་དགའ་ལྡན་ཁྲི་པ་ཁྲི་རྒྱལ་ཁང་རྩེ་བས་ཁ་ཐོར་དུ་སོང་བའི་དགེ་འདུན་རྣམས་རུབ་པ་དང་གྲྭ་པ་ཉི་ཤུ་རྩ་ལྔ་ཙམ་གྲྭ་བཅག་བསྐྱོན་གནང་ནས་ད་ལྟའི་གནས་དེར་དགེ་འདུན་གྱི་སྡེ་བཙུགས་གནང་སྟབས་དགོན་པོའི་མཚན་ལ་ཞོགས་དགོན་ཞེས་ཐོགས། གོང་གསལ་གྲྭ་བཅག་བསྐྱོན་པའི་གྲྭ་ཁོངས་ནས་དགོན་དེའི་བླ་ཐོག་དང་པོ་དོན་ཡོད་མཁས་གྲུབ་ཀྱིས་དབུ་མཛད། སྡེ་དྲུག་རིན་པོ་ཆེའང་བླ་མ་འདིའི་སྐུ་སྐྱེ་ཡིན་ཞེས་དང་། དཔོན་པོ་མི་དབང་གི་སྲས་སེར་བྱེས་མཁན་ཆེན་འཇམ་དཔལ་ཡོན་ཏན་དང་། ཕུར་ལྕོག་ངག་དབང་བྱམས་པའང་དགོན་དེར་ཡུན་རིང་བཞུགས་ཞེས་གསུངས།

སྔོན་དགོན་དེའི་འདུ་ཁང་ཀ་བ་ཉེར་དྲུག་གི་གཙང་ཁང་སྦུག་མའི་ནང་ཐུབ་པ་མེ་བཞེས་མ་ཞེས་གསེར་ཟངས་ཀྱི་སྐུ་བརྙན་མི་ཚད་མ་དང་། དེའི་མདུན་མི་དབང་གི་ཡུམ་གྱི་འཁྲུངས་རྟགས་ཡིན་ཞེས་གསེར་ཟངས་ཀྱི་སྐུ་བརྙན་མི་ཚད་མ་ཟིན་ཙམ། འདུ་ཁང་ནང་མཁན་ཆེན་བྱམས་པ་ཡོན་ཏན་གྱི་དངུལ་གདུང་དང་། སྐུ་རྒྱུ་ཤིང་ལས་གྲུབ་པའི་སྨན་བླའི་བླངས་གཟུགས་ཀྱི་དཀྱིལ་འཁོར། བཀའ་འགྱུར་བྲིས་མ་དང་སྣར་ཐང་པར་མ་སོགས་ཀྱི་བཀའ་བསྟན་ཉིས་ཐོག་མ་ཟིན་ཙམ། ས་ཕུད་རྡོ་ཕུད་ཀྱིས་བཞེངས་པའི་རྒྱལ་བ་བྱམས་པ། སུམ་ཐོག་གཟིམ་ཆུང་ནང་ཙནྡན་དཀར་པོ་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤྭ་ར་དང་། བདེ་གཤེགས་མཆོད་རྟེན་བརྒྱད། འདུ་ཁང་གི་གཡས་ངོས་སུ་གནས་བཅུའི་ལྷ་ཁང་དང་མགོན་ཁང་། དགོན་དེའི་གཤམ་དུ་རྗེ་བཙུན་སྒ་ལོའི་སྤྱན་བཞུགས་པའི་མཆོད་རྟེན་སོགས་མཇལ་རྒྱུ་ཡོད།

དགོན་དེར་རི་བོ་དགེ་ལྡན་གྱི་མདོ་སྔགས་གཉིས་ཀ་ཕྱག་ལེན་མཛད་ཅིང་། ཐོག་མར་རྣམ་འགྲེལ་གྱི་བཤད་གྲྭ་ཞིག་ཀྱང་ཡོད་པར་གྲགས། ལོ་ལྟར་ཟླ་ ༧ ཚེས་ ༡༤།༡༥ སོ་སོར་གཙོ་བོ་འཇིགས་བྱེད་ལྷ་བཅུ་གསུམ་དང་། དེ་འབྲེལ་ལྷ་སྲུང་ཁག་གི་གར་འཆམ་གནང་སྲོལ་ཡོད། ད་ལྟ་སྔོན་གྱི་འདུ་ཁང་གི་གྱང་གོག་སྟེང་གསང་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། དགོན་འདབས་ཀྱི་མཆོད་རྟེན་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

བདེ་ཆེན་གསང་སྔགས་མཁར།

བདེ་ཆེན་གསང་སྔགས་མཁར་དགོན་ནི། ད་ལྟའི་སྟག་རྩེ་རྫོང་གི་ཉེ་འགྲམ་དང་། སྔོན་བདེ་ཆེན་རྫོང་ཤུལ་གྱི་རི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཀའ་བརྒྱུད་པའི་དགོན་ཞིག་ཡིན་སྐད་ལ་རྗེས་སུ་རྗེ་ཙོང་ཁ་པ་གནས་དེར་ཞབས་བཅགས་ནས་གསང་འདུས་ཀྱི་ཉམས་ལེན་གནང་། བྲག་དཀར་རྫོང་གི་སྡེ་པ་སྐྱིད་ཤོད་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་མཛད་དེ་ཉམས་གསོ་གནང་། བདེ་མཆོག་དང་འཇིགས་བྱེད་ཀྱི་སྐུ་བརྙན་ཡོད་ཀྱང་གསང་འདུས་ཀྱི་སྐུ་བརྙན་མེད་པ་ནི་དགོན་དེ་ཉིད་གསང་བ་འདུས་པ་ཡིན་ཞེས་གསུངས། དགོན་པའི་མཚན་ལའང་གསང་སྔགས་མཁར་ཞེས་གསོལ།

སྔོན་འདུ་ཁང་ཀ་བ་བཞི་བཅུའི་ནང་རྟེན་གཙོ་རྗེ་ཙོང་ཁ་པ་སྐུ་འཚོ་བཞུགས་སྐབས་བཞེངས་གནང་མཛད་པའི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ཐོག་ལྷག་དང་། མཁས་གྲུབ་རྗེའི་ཕྱག་བཟོ་མགོན་པོ་ཕྱག་དྲུག་གི་སྐུ་བརྙན་ཞིག་ཡོད་པ་དེ་ནི་མཁས་གྲུབ་རྗེས་ས་མཐེབ་སྐྱུ་རེར་ཡ་མ་ར་ཛཱ་འབུམ་རེ་བསགས་གནང་སྟེ་སྐུ་སྨད་འགྲུབ་ཡོད་པ་ལ་ཉིན་གཅིག་ཨ་མདོ་གནས་སྐོར་བ་གསུམ་ཡོང་སྟེ་མགོན་པོ་མཇལ་དགོས་ཞུས་པར་ད་ལྟ་འགྲུབ་མ་སོང་། ཁྱོད་ཚོ་ཡར་སོང་དང་ཞེས་གསུངས་པར་ཨ་མདོ་གནས་སྐོར་བ་གསུམ་ཡར་སོང་སྟེ་མར་མ་ཐོན་པས། མཁས་གྲུབ་རྗེས་ཅི་ཡིན་ནམ་དགོངས་ཏེ་མགོན་པོའི་སར་ཕེབས་སྐབས་གནས་སྐོར་བ་གསུམ་པོ་མཐོང་རྒྱུ་མེད་ལ། མགོན་པོའི་སྐུ་སྟོད་ལྷུན་གྱིས་གྲུབ་ཡོད་པའི་ངོ་མཚར་ཅན་གྱི་སྐུ་བརྙན་ཞིག་ཡོད་པ་དེས་ཐེངས་ཤིག་ཀློང་རྡོལ་བླ་མ་རིན་པོ་ཆེ་དགའ་ལྡན་གསེར་ཀོང་འབུལ་བར་ཕེབས་ཏེ་མར་ཕེབས་སྐབས། ང་ལ་གསེར་ཀོང་མེད་དམ་ཞེས་གསུང་བྱོན་པས་རྗེས་སུ་ལིའི་མཆོད་ཀོང་ཞིག་གི་མཐིལ་དུ་གསེར་བྱུག་པ་ཞིག་ཕུལ་བས་དེའི་ནང་མཆོད་མེ་འབུལ་སྐབས་འཛམ་ལྷའི་གཟུངས་ཕེབས་པ་བཅས་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད།

སྔོན་དགེ་འདུན་བརྒྱ་དང་ལྔ་བཅུ་སྐོར་གྱིས་བདེ་གསང་འཇིགས་གསུམ་དང་ཀུན་རིག་སོགས་ཕྱག་བཞེས་མཛད། ཀུན་རིག་སེར་སྔགས་ཀྱི་ཕྱག་བཞེས་དང་། གཞན་རྣམས་རྒྱུད་སྨད་གྲྭ་ཚང་གི་ཕྱག་སྲོལ་ཡིན། ལོ་ལྟར་བོད་ཟླ་ ༦ ཚེས་ ༢༤།༢༥།༢༦ བཅས་སོ་སོར་བདེ་ཆེན་དཀར་མེ་ཞེས་མགོན་ཆོས་སྡེ་ལྔ་སོགས་ཀྱི་གར་འཆམ་གནང་སྲོལ་ཡོད།

ལོ་ལྟར་བོད་ཟླ་གཉིས་པའི་ནང་རྒྱུད་སྨད་གྲྭ་ཚང་ཆོས་ཐོག་ཏུ་གནས་དེར་ཕེབས་ཏེ་གསང་བ་འདུས་པའི་སྒྲུབ་མཆོད་ཀྱང་གནང་བ་ཡིན། ད་ལྟ་རྒྱུད་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ཛམ་ལྷའི་མཆོད་ཀོང་། མགོན་པོ་གསུང་བྱོན་མའི་སྐུ་རྒྱུ་སོགས་ལས་གྲུབ་པའི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་སྔོན་གྱི་གསང་སྔགས་མཁར་དགོན་པའང་གསར་བཞེངས་གནང་གྲུབ་པ་ཡིན།

ཕྱིར་མིག་ལུང།

ཕྱིར་མིག་ལུང། མཚན་གཞན་ལ་ཆོས་ལུང་མ་ཎི་དགོན་ཞེས་ཞུ། མགར་རོང་གྲོང་ནས་སྤྱི་ལེ་གཉིས་ཙམ་འཁོར་ལམ་བརྒྱུད་མར་བབས་ན་ཕྱིར་མིག་ལུང་གྲོང་སྟེང་དུ་ཇོ་དགོན་དེ་མཇལ་རྒྱུ་ཡོད། ཕྱིར་མིག་ལུང་ཞེས་པ་ནི། རྗེ་ཙོང་ཁ་པ་གནས་དེར་ཕེབས་ཏེ་ཕྱིར་ཕེབས་སྐབས་ཙི་ཙི་འབུམ་ཞེས་པ་ནས་ཕྱིར་གཟིགས་པས་ད་ལྟའི་དགོན་ཆགས་ཡུལ་དེའི་རི་སྣར་ཐོག་མར་སྟོད་ལུང་འབུམ་མོ་ཆེ་ཞེས་དགེ་བཤེས་སྤྱན་སྔ་བ་སོགས་བཀའ་གདམས་པའི་བླ་མ་གོང་མ་རྣམས་ཀྱི་བྱིན་རྟེན་བཞུགས་པའི་འབུམ་པ་ཡོད་ས་དེར་བདེ་མཆོག་གི་དཀྱིལ་འཁོར་དང་། དམ་ཅན་གྱིས་གར་འཁྲབ་པ་སོགས་གཟིགས་པས། མ་འོངས་པར་གནས་ཡ་ཀིར་དགོན་ཞིག་ཆགས་འོང་བས་ཕྱིར་མིག་ལུང་ཞེས་ཐོགས་ཞེས་གསུངས་པ་ལྟར་ཕྱིར་མིག་ལུང་ཞེས་དེ་ནས་བྱུང།

ད་ལྟའི་ཕྱིར་མིག་ལུང་ཞེས་པའི་བཙུན་དགོན་དེར་ཆོས་ལུང་མ་ཎི་རི་ཁྲོད་ཅེས་བཙུན་མ་བདུན་ཡོད་པ་དང་རྗེས་སུ་ཕྱིར་མིག་ལུང་རྒྱུད་སྨད་ཀྱི་ཁོངས་སུ་གཏོགས་ཤིང་དེར་གྲྭ་ཤག་ ༣༤ ཡོད་པའི་ཁང་གཉེར་དང་རྒྱུད་པ་རེར་འབྲུ་ཁལ་ལྔ་རེ་ཕུལ་བའི་བརྔོ་འཐག་ལས་བཅས་བྱེད་དགོས།

གནས་དེར་ལོ་ལྟར་བོད་ཟླ་ ༧ ཚེས་ ༨ ནས་བོད་ཟླ་ ༩ ཚེས་ ༡ བར་རྒྱུད་སྨད་གྲྭ་ཚང་གི་བླ་མ་རྒྱུད་པ་རྣམས་ཆོས་གོས་རྣམ་གསུམ་འབོག་དཀར་པོའི་ནང་སྒྲིལ་ཏེ་དེའི་སྟེང་དུ་ཤོ་ཀ་ལི་བཞག་གནང་སྟེ། སྔོན་སྟོན་པ་ཉན་ཐོས་ཀྱི་མཛད་ཚུལ་ལྟར་ཆོས་ཐོག་ཅེས་གནས་དེར་ཕེབས་ནས་ཉིན་ལྟར་ཚོགས་དུས་བདུན་རེ་དང། ཡར་ངོ་མར་གསོ་སྦྱོང་སོགས་འཚོགས་གནང་བ་དང་གར་ཐིག་དབྱངས་གསུམ་སོགས་གསན་སྦྱོང་གནང་དགོས། དེ་བརྒྱུད་དུ་ཡོད་པའི་བླ་མ་རྒྱུད་པའི་གཞིས་ཀ་ཁག་ནས་གསོལ་ཕོགས་འབྲུ་ཁུལ་ལྔ་རེ་འབུལ་བ་དང། དེར་གྲྭ་ཁང་སྟེ་ཚོགས་ཆེན་གཅིག་དང། ཚ་བ་ཁང་ཚན། རྒྱལ་རོང་ཁང་ཚན། དངུལ་ཕོར་ཁ་ཚན། སྤྲེའུ་ཁང་ཚན། གསེར་ཀོང་ཁང་ཚན་བཅས་ཀྱི་འདུ་ཁང་དང། དེ་དག་གི་མི་ཚན་ནམ་ཤག་ཁང་ནི་ད་ལྟའི་མ་ཎི་དགོན་གྱི་འདབས་སུ་ཆགས་ཡོད། ད་ལྟ་དེ་ཁུལ་དུ་འབུམ་མོ་ཆེ་ལས་ཉམས་གསོ་གནང་ཐུབ་མེད་ཀྱང་མ་ཎི་དགོན་ནམ་ཕྱིར་མིག་ལུང་བཙུན་དགོན་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་ ༡༢ ནང་ཐུགས་རྗེ་ཆེན་པོ་སྤྱི་ཁྲེ་གང་ལྷག་ཙམ་དང། རྣལ་འབྱོར་མ། རྗེ་ཡབ་སྲས་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

སེ་ར་ཆོས་སྡིངས།

སེ་ར་དགོན་པའི་ཤར་ངོས་རི་སྟེང་དུ་ཡོད་པའི་ཆོས་སྡིངས་ནི་རྗེ་ཙོང་ཁ་པའི་སྒྲུབ་ཁང་ཡིན། རབ་བྱུང་བདུན་པའི་མེ་ཕག་ ༡༤༠༧ ལོར་མཁས་གྲུབ་དགེ་ལེགས་དཔལ་བཟང་རྗེ་ཙོང་ཁ་པ་མཇལ་བར་ཕེབས་ས་ཡང་དེ་གར་ཡིན་པ་དང༌། རྗེ་ཙོང་ཁ་པས་དབུ་མ་རྩ་ཤེའི་ཊཱིཀ་ཆེན་སོགས་གསུང་ས་ཡང་དེ་གར་ཡིན། སེ་ར་ནས་དཀོན་གཉེར་མི་གཅིག་གཏོང་སྲོལ་ཡོད།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)