སློབ་ཕྲུག་ཚོར་ཟླ་གཅིག་ཟབ་སྦྱོང་སྤྲད།

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སློབ་གྲྭའི་ཡན་ལག་གངས་ཅན་རིག་གནས་སློབ་གྲྭ་རུ་རང་རེའི་བོད་རིགས་སློབ་གྲྭ་ཁག་གི་དབྱར་དང་དགུན་གྱི་གུང་སེང་དང་སྟབས་བསྟུན་ཏེ་སློབ་ཕྲུག་རྣམས་ལ་ཆོས་རིག་སོགས་ཀྱི་ཟབ་སྦྱོང་སྤྲོད་བཞིན་ཡོད་འདུག །

རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ནི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་ཀྱི་སློབ་གཉེར་ཁང་ཆེན་མོའམ་རྒྱུད་སྨད་སློབ་གྲྭའི་ཡན་ལག་ཅིག་ཡིན་ཞིང་། དེ་ཉིད་སྤྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་སྐབས་བཀའ་སློབ་ཕེབས་དགོངས་བཞིན། སྐྱ་སེར་དང་མི་རིགས་དབྱེ་བ་མེད་པར་བོད་ཀྱི་སྐད་ཡིག་རིག་གནས་དང་ནང་ཆོས་ལ་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་ཡིན། སློབ་གྲྭ་འདི་ཉིད་བརྒྱུད་ནས་ས་གནས་མང་ཚོགས་ལ་རེས་གཟའ་ལྷག་པ་འཆར་ཅན་ལ་ནང་ཆོས་ངོ་སྤྲོད་དང་། རང་རེའི་སློབ་གྲྭ་ཁག་གི་དབྱར་དགུན་གུང་སེང་དང་སྟབས་བསྟུན་སློབ་ཕྲུག་གང་འཚམ་འདི་ག་གངས་ཅན་རིག་གནས་སློབ་གྲྭ་བསུ་ལེན་གྱིས་མཐུན་རྐྱེན་དང་དགོས་མཁོ་གང་ཡོད་གྲྭ་ཚང་རང་ནས་བཏང་སྟེ་དབྱར་དགུན་གྱི་གུང་སེང་གཉིས་ལ་ཟླ་རེ་སྟེ་ལོ་རེར་ཟླ་བ་གཉིས་རེར་སློབ་ཕྲུག་རྣམས་ལ་རིགས་ལམ་དང་། སྐད་ཡིག་ནང་ཆོས་སོགས་ཟབ་སྦྱོང་ངམ་སློབ་སྦྱོང་སྤྲོད་ཀྱིན་ཡོད་ལ། ཕྱི་རྒྱལ་བ་སོགས་དོན་གཉེར་ཅན་རྣམས་ལ་ཁོང་ཚོའི་རེ་འདོད་དང་དུས་ཚོད་ལ་དཔགས་པའི་སློབ་ཚན་འཆར་འགོད་དང་གོ་སྒྲིག་བྱས་ཏེ། ལོ་ཁ་ཤས་དང། ཟླ་བ་ཁ་ཤས། ཡང་ན་བདུན་ཕྲག་གཅིག་ཙམ་ལ་སློབ་སྦྱོང་བྱེད་འདོད་ཡོད་པ་དག་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་སློབ་སྦྱོང་སྤྲོད་མུས་དང་། གཞན་སློབ་གྲྭ་གཞན་དང་འབྲེལ་ལམ་གནང་སྟེ་ཤེས་ཡོན་ཡར་རྒྱས་དང་ཉམས་མྱོང་བརྗེ་རེས་གནང་བ་དང་། རང་གཞུང་ཤེས་རིག་སོགས་དང་མཉམ་འབྲེལ་གྱིས་དགེ་རྒན་ཟབ་སྦྱོང་དང་། དམིགས་བསལ་སློབ་ཕྲུག་ལ་རིགས་ལམ་སོགས་སློབ་ཁྲིད་གནང་མུས་སུ་ཡོད་འདུག །

ད་ལོ་ ༢༠༡༡ ལོའི་ ༦ པ་སྟེ་དབྱར་ཁའི་ཟླ་གཅིག་གི་ཟབ་སྦྱོང་སྐབས་སློབ་ཕྲུག་གང་འཚམ་བསུ་ལེན་གནང་སྟེ་ནང་ཆོས་དང་། རིགས་ལམ། བོད་ཀྱི་སྐད་ཡིག་སོགས་ཀྱི་ཟབ་སྦྱོང་སྤྲད་ཡོད་འདུག །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)