རྒྱུད་སྨད་ཕྱག་མཛོད་ཁང་།

མཁན་བླ་སོ་སོའི་སྐབས་སུ་གྲྭ་ཚང་གི་ཆོས་སྲིད་ཀྱི་འགྱུར་བ་རླབས་ཆེན་གང་སོང་གི་རྒྱུ་རྐྱེན་གཅིག་ནི་སྐབས་སོ་སོའི་གྲྭ་ཚང་གི་ཕྱག་མཛོད་སོགས་ལས་ཀྱི་སྣེ་མོ་བ་རྣམས་ཀྱི་རྒྱབ་སྐྱོར་དང་དངོས་སུ་ཕྱག་བསྟར་ཏེ་ལས་དོན་བསྒྲུབས་པ་ལས་བྱུང་བ་དང་བལྟོས་བཅས་ཡིན་པ་ནི་བཤད་མ་དགོས་པ་ཡིན་ལ། གྲྭ་ཚང་དབུས་མ་ཕྱག་མཛོད་ཁང་འདི་བཞིན་སྤྱི་ཁྱབ་སྡེ་ཚན་གལ་ཆེན་ཞིག་ཡིན་ཞིང་།

དེ་ཡང་གྲྭ་ཚང་འདི་ཉིད་ཕྱག་འདེབས་པ་པོ། རྗེ་བཙུན་ཤེས་རབ་སེང་གེ་དཔལ་བཟང་པོ་མཆོག་གིས་ཐོག་མར་གྲྭ་ཚང་འདི་ཉིད་གསར་དུ་དབུ་འཛུགས་མཛད་སྐབས་ཆོས་དང་ཟང་ཟིང་གཉིས་ཀ་རྗེ་རང་ཉིད་ཀྱིས་འཚོ་སྐྱོང་བཀའ་དྲིན་ཆེ་བར་མཛད་ཡོད་པ་དང་། དེ་རྗེས་མཁན་ཐོག་གཉིས་པ་མཁན་ཆེན་སྦྱིན་པ་དཔལ་བ་དཔལ་བཟང་པོ་ནས་བཟུང་སྟེ་མཁན་ཐོག་སོ་སོའི་བླ་བྲང་ནས་གྲྭ་ཚང་འཛིན་སྐྱོང་གནང་ཡོད་པ་རེད། བླ་བྲང་གི་ཕྱག་མཛོད་མཆོག་ནས་སྟངས་འཛིན་གྱི་ལས་དོན་ཤུགས་ཆེར་གནང་བར་བརྟེན། འཛིན་སྐྱོང་ཁང་ལ་ཕྱག་མཛོད་ཁང་ཞེས་མིང་དུ་ཆགས། དེ་ལྟར་མཁན་ཐོག་བདུན་ཅུ་ཙམ་གྱི་རིང་ལ་འཛིན་སྐྱོང་མཁན་རིན་པོ་ཆེའི་བླ་བྲང་ནས་གནང་ཡོད། འོན་ཀྱང་མཁན་ཐོག་དོན་གཉིས་པ། སེར་བྱེས་སོག་པོ་མགོན་དཀར་སྐྱབས་ཀྱི་སྐབས། འབྱུང་འགྱུར་འཛིན་སྐྱོང་གི་ལས་དོན་སྲ་བརྟན་ཡོང་བ་སོགས་དགོས་པ་དུ་མར་དགོངས་བཞེས་གནང་སྟེ། སྐབས་དེའི་བོད་ཀྱི་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེར་ཞུ་གཏུགས་མཛད་དོན་ལྟར།འཛིན་སྐྱོང་གི་སྐུ་དབང་འདུས་མང་ལ་གནང་བ་སྟེ། གྲྭ་ཚང་འདིར་ཁང་ཚན་ལྔ་ཡོད་པ་ལས་ཁང་ཚན་རེ་ནས་འཐུས་མི་རེ་བསྡུས་པའི་ཚོགས་པ་ལ་འཛིན་སྐྱོང་རྩིས་སྤྲོད་གནང་བ་ནས་བཟུང་འཛིན་སྐྱོང་ལས་དོན་ཚོགས་པ་དེ་ཉིད་ཀྱིས་གནང་སྲོལ་བྱུང་བ་དང་། འདུ་ཁང་གི་མདུན་སྒོ་མཆོར་སྟེང་རབ་གསལ་ཀ་བ་གཉིས་ཡོད་པ་ནི་ཕྱག་མཛོད་ཁང་ཡིན།

དེང་སྐབས་བྱེས་སུ་འདུས་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་ཕྱག་མཛོད་ཞལ་གྲངས་བརྒྱད་བསྐོ་བཞག་གནང་བ་དང་། ཕྱག་མཛོད་ཀྱི་དུས་ཡུན་ལོ་གསུམ་ཡིན་ཞིང་། འོས་ཐོན་ཕྱག་མཛོད་རྣམས་སྡེ་ཚན་སོ་སོར་ལས་བགོས་བསྐྱོན་ཏེ། ཕྱག་མཛོད་གསུམ་དང། དྲུང་ཆེ་རྣམ་པ་བཅས་གྲྭ་ཚང་དབུས་མ་དང༌། གྲྭ་ཚང་སློབ་གཉེར་ཁང༌དུ་ཕྱག་མཛོད་གཅིག་སློབ་སྤྱིའི་ཐུགས་འགན་བཞེས་དགོས་པ་དང་། གཅིག་རྡ་ས་ཡན་ལག་ཁང་དང༌། ཕྱག་མཛོད་གསུམ་ལྡི་ལི་ཡན་ལག་ཁང་དུ་ཕེབས་ཏེ་རང་རང་གི་འཛིན་སྐྱོང་གི་ཕྱག་ལས་གནང་དགོས་པ་རེད། ཕྱག་མཛོད་རྣམས་ཀྱི་ཐུགས་འགན་གཙོ་བོ་ནི། གྲྭ་ཚང་འདི་ཉིད་ཀྱི་རྩ་ཆེའི་སྐུ་གསུང་ཐུགས་རྟེན་རྣམས་བདག་སྐྱོང་དང། གསར་སྐྲུན།ཉམས་གསོ་བཅས་གནང་དགོས་ཤིང། ཁྱད་པར་ཕྱག་མཛོད་ཁང་ནས་འདུས་མང་གི་འཚོ་བའི་མཐུན་རྐྱེན་སྦྱོར་དགོས་པར་མ་ཟད། ཚོགས་ཁང་དང་དཔེ་མཛོད་ཁང་། གྲྭ་ཤག །མགྲོན་ཁང་སོགས་དང་། གཞན་ཡང་གཞིས་ཆགས་ཀྱི་གཞུང་ལམ་གསར་བཟོ། ཁོར་ཡུག་ལྕགས་རིས་བསྐོར་བ་སོགས་ཨར་ལས་འཛུགས་སྐྲུན་རིགས་རྒྱ་ཆེར་གནང་དང་གནང་བཞིན་པའོ། །[ བྱེས་ཕེབས་ཕྱག་མཛོད་ཀྱི་མཚན་ཐོ་སོགས་ཟུར་ཡོད་ཕྱག་མཛོད་ཀྱི་མཚན་ཐོའི་རེའུ་མིག་ལས་ཤེས་སོ། ། ]

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)