དེ་ཡང་སློབ་གཉེར་དང་སློབ་ཚན་སོགས་ཀྱི་སྐོར་ལ་སྲོལ་བཟང་རྒྱུན་འཛིན་གྱི་སྟེང་དུ་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་ཁ་སྣོན་དང་བཅོས་བསྒྱུར་སོགས་བྱེད་དགོས་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་ལྟར། བོད་ཀྱི་དགོན་སྡེ་ཁག་ཏུའང་སྔར་སྲོལ་རྒྱུན་འཛིན་དང་། ལོ་རེའི་སློབ་ཚན་གཏན་འབེབས། རྒྱུགས་སྤྲོད་གསར་སྣོན། དེང་དུས་ཀྱི་ཤེས་ཡོན་སློབ་ཚན་དུ་ལེན་པ་སོགས་དང་།
གཞོན་སྐྱེས་རྣམས་འདབ་གཤོག་གཉིས་ལྡན་གྱི་ནང་པ་ཞིག་ཏུ་གསོ་སྐྱོང་བྱེད་ཆེད་དེང་དུས་དང་མཐུན་པའི་སློབ་གྲྭ་ཟུར་འཛུགས་སོགས་གནང་བཞིན་ཡོད་པ་ལྟར། གྲྭ་ཚང་འདི་ཉིད་ལ་སྲོལ་རྒྱུན་གྱི་རྩ་ཆེའི་འཆད་ཉན་དང་གསང་སྔགས་ཀྱི་ཕྱག་སྲོལ་བཟང་པོ་ཡོད་པ་དེ་དག་མི་ཉམས་པ་གཙོར་བཟུང་གིས་སྤྱི་ལོ་ ༡༩༨༢ ལོར་མཁན་ཐོག་ཞིང་གཤེགས་དམ་པ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རི་རྫོང་རིན་པོ་ཆེ་མཆོག་དང༌།
ཞིང་གཤེགས་བླ་མ་དབུ་མཛད་དགའ་བྱང་དགེ་བཤེས་བློ་བཟང་འཕྲིན་ལས་མཆོག་རྣམ་གཉིས་དབུས། གྲྭ་ཚང་ཕྱག་མཛོད་ཁང་བཅས་ནས་ ༧ གོང་ས་རྒྱལ་བའི་དབང་པོ་མཆོག་གི་བཀའ་དགོངས་བཞིན་དཔལ་ལྡན་སྨད་རྒྱུད་པའི་གསར་བུ་བ་རྣམས་ཀྱི་ཆེད་གནས་དུས་དང་བསྟུན། ཕྱི་ནང་གི་སློབ་སྦྱོང་གི་ཆེད་སློབ་གྲྭ་འདི་ཉིད་གསར་འཛུགས་ཀྱི་འགོ་ཚུགས་ཡོད་པ་དང་། མདོ་སྔགས་ཀྱི་གཞུང་ཆེན་ཁག་དང། བོད་ཀྱི་རིག་གནས། ཕྱི་ནང་སྐད་ཡིག་དང་བཅས་པ་སློབ་སྦྱོང་གནང་དགོས་པའི་སློབ་ཚན་རྣམས་རིམ་བཞིན་གསར་འཛུགས་གཏན་འབེསས་གནང་ཡོད།
༡༩༨༣ ལོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྨད་གྲྭ་ཚང་དུ་སྦས་དོན་ཀུན་གསལ་གྱི་བཀའ་ཁྲིད་གནང་སྐབས། ༧ གོང་ས་མཆོག་ཉིད་ཀྱིས་སློབ་གྲྭ་འདིའི་སློབ་ཚན་དང་། སྒྲིག་འཛུགས་སོགས་ཇི་ལྟར་གཏན་འབེབས་བྱེད་དགོས་ཚུལ་གྱི་ལམ་སྟོན་བཀའ་སློབ་གནང་། སྤྱིར་བོད་དུ་རྒྱུད་གྲྭ་ཕལ་ཆེ་བར་སྔགས་ཕྱོགས་ལ་ཐོས་བསམ་སློབ་གཉེར་ལས། མདོ་ཕྱོགས་གྱི་གཞུང་ཆེན་ལ་གདན་ས་ཁག་ནང་བཞིན་སློབ་གཉེར་གནང་སྲོལ་མེད་ན་ཡང་། ༧ བླ་མ་སྤྱན་རས་གཟིགས་ཀྱིས་བཀའ་དགོངས་ལམ་སྟོན་དང་བཀའ་གནང་བ་ལྟར། ད་ལྟའི་ [ ༢༠༢༣ ] ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་མཁན་ཐོག་དང་། ད་ལྟའི་ [ ༢༠༢༣ ] བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་བླ་མ་དབུ་མཛད་སྐབས་རྣམ་པ་གཉིས་ཀྱིས་དབུས། ཕྱག་མཛོད་རྒན་འཆི་མེད་རྡོ་རྗེ་གྲྭ་ཚང་གི་ཕྱག་མཛོད་བཅས་ནས། གྲྭ་རྒྱུན་གསར་བུ་བ་རྣམས་ལ་སྔོན་སྲོལ་རྒྱུད་འཛིན་གྱི་སྟེང་མཚན་ཉིད་ཀྱི་གཞུང་ཆེན་སློབ་གཉེར་དང་། ཕྱི་ནང་གི་སྐད་ཡིག་དང་དེང་རབས་ཀྱི་ཤེས་ཡོན་སོགས་སློབ་སྦྱོང་གི་ཆེད་དུ། དེ་སྔ་མཁན་པོ་གོང་མའི་སྐབས་ནས་ཡོད་པའི་སློབ་གྲྭ་དེ་ཉིད་རྒྱ་བསྐྱེད་དང་། རྣམ་གྲངས་མང་དུ་བཏང་སྟེ་ཡར་རྒྱས་གོང་འཕེལ་དུ་བཏང་ཞིང་། མདོ་སྔགས་གཞུང་ཆེན་ཁག་དང་། བོད་ཀྱི་རིག་གནས། ཕྱི་ནང་གི་སྐད་ཡིག་སོགས་སློབ་ཚན་དང་། སློབ་གྲྭའི་སྒྲིག་གཞི། དགེ་རྒན་བཅས་གོ་སྒྲིག །འཛིན་ཁང་ཁང་མིག་བཞི་ཅན་ཞིག་གསར་བསྐྲུན་གནང་སྟེ། ༡༩༨༣ ལོ་སྤྱི་ཟླ་ ༦ པའི་ནང་ས་གནས་གཞིས་འགོ་བཀྲ་ཤིས་ནོར་བུ་མཆོག་ནས་སློབ་གྲྭ་དབུ་འབྱེད་གནང་། ད་ལྟའི་གྲྭ་ཚང་གི་སློབ་གྲྭའི་གཞུང་ཚན་ཁག་སློབ་ཚན་དུ་ཕྱོགས་སྒྲིག་གནང་མཁན་སྐུ་ཞབས་པྲ་ཏཱི་རིན་པོ་ཆེ་མཆོག་ཡིན་ཞིང་། ལོ་མང་རིང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་བྱམས་པ་ཆོས་གྲགས་མཆོག་གིས་མདོ་སྔགས་ཀྱི་གཞུང་ཆེན་ཁག་སློབ་ཁྲིད་དང་། དགེ་བའི་བཤེས་གཉེན་ཆེན་པོ་རྒན་མཐུ་སྟོགས་མཆོག་གིས་ལོ་མང་རིང་ཕྱག་དཔེ་སློབ་ཁྲིད་གནང་།
༡༩༩༧ ལོར་སྔགས་རམས་པ་བཀྲ་ཤིས་ཀྱི་སྐབས། མཁན་པོ་ལས་ཐོག་འཕྲིན་ལས་སྟོབས་རྒྱས་མཆོག་གིིས་དབུས།ཆོག་གྲྭ་བརྒྱད་བཅས་དཔལ་འབྱོར་འདུ་འགོད་སླད། ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཁ་ཤས་སུ་ཕེབས་ཏེ་སྦྱིན་བདག་ཁག་གི་རོགས་སྐྱོར་འོག །སྤྱི་ལོ་ ༡༩༩༨ ལོར་སློབ་གྲྭའི་སློབ་ཁང་དང་། [ ཕྱིས་སུ་སློབ་ཁང་རྙིང་པར་བློས་བསླང་གི་དཀྱིལ་འཁོར་གསར་བཞེངས་གནང་བ་བཞུགས་སུ་གསོལ་ཡོད། ] ལས་ཁུངས། ལས་ཤག །གསོལ་ཐབ་བཅས་ཡོད་པའི་ཐོག་བརྩེགས་གཉིས་ཅན་གྱི་སློབ་ཁང་ངམ་སློབ་གྲྭ་གསར་རྒྱག་གནང་ཡོད་པ་དང་། སློབ་ཚན་ལེགས་བཅོས་དང་གསར་སྣོན་སོགས་ལེགས་གྲུབ་བྱུང་བ་དང་།ལོ་དེར་སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་སྐབས་རབ་གནས་དང་། དབུ་འབྱེད་བཀའ་དྲིན་བསྐྱངས།
༢༠༠༤ ལོར་སློབ་སྤྱི་རྒྱལ་རོང་དགེ་བཤེས་སྔགས་རམས་པ་ཚེ་རིང་བཀྲ་ཤིས་སྐབས། གང་ཉིད་ཀྱིས་གཙོས་སྐབས་དེའི་མཁན་པོ་ལས་ཐོག་དགེ་བཤེས་བློ་བཟང་བདེ་ལེགས་མཆོག་དབུ་བཞུགས་ཀྱིས་ཆོག་གྲྭ་རྣམས་ཐེ་ཝན་སོགས་སུ་ཕྱོགས་བསྐྱོད་གནང་བ་དང་། དད་ལྡན་སྦྱིན་བདག་ཁག་གི་དད་སྟོབས་ལས། སྔར་གྱི་སློབ་གྲྭའི་རྒྱབ་ཏུ་སྔར་ཡོད་སློབ་གྲྭ་ལས་རྒྱ་ཆེ་རུ་བཏང་སྟེ་སློབ་ཁང་ཐོག་བརྩེགས་གཉིས་ཅན། ལས་ཁུངས་དང་། ལས་ཤག །གསོལ་ཐབ། ལྷག་པར་ལོ་རིམ་དང་པོ་ནས་ལོ་རིམ་བཅུ་བཞི་པའི་བར་གྱི་འཛིན་ཁང་། ཐིག་དང་རྡུལ་ཚོན་གྱི་འཛིན་ཁང་སོགས་ཡོད་པའི་ད་ལྟའི་ཁང་ཆེན་འདི་གསར་བསྐྲུན་གནང་བ་དང་། སློབ་གྲྭའི་མཚན་ལ་ [ དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་ཀྱི་སློབ་གཉེར་ཁང་ཆེན་མོ་ ] ཞེས་མིང་བསྒྱུར་གནང་ཞིང་། དམ་བཅའ་ཆེན་མོ་དང་། སྐྱོར་སྦྱང་ཆེན་མོ་སོགས་གསར་འཛུགས་དང་། ༢༠༠༦ ལོའི་ཟླ་ ༧ ཚེས་ ༦ ཉིན་དགེ་འདུན་མང་སློབ་གྲྭར་འཛོམས་ཤིང་། དགེ་འདུན་མང་ལ་གསོལ་ཚིགས་དང་སྐུ་ཡོན་ཕུལ་ཏེ་རྟེན་འབྲེལ་གྱིས་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་གནང་ཞིང་། དགེ་འདུན་མང་ལྷན་དུ་སློབ་གཉེར་ཁང་གི་མདུན་དུ་སྐུ་པར་སྒྲོན་པ་དང་། ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གཉེར་ཁང་གི་པར་རིས་ཀྱི་སྟེང་དུ་མཚན་རྟགས་དང་ཟླ་ཚེས་འཁོད་པའི་ཕྱག་བྲིས་ཕྱག་བསྟར་མ་ཡང་གནང་ཡོད། ༢༠༠༧ ལོར་སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་དུ་ཆིབས་ཞབས་བསྒྱུར་ཏེ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་བཀའ་ཁྲིད་གནང་སྐབས་དང་བསྟུན། ༢༠༠༧ ལོ་སྤྱི་ཟླ་ ༡ ཚེས་ ༨ ཉིན་སློབ་ཁང་གསར་བར་རབ་གནས་བྱིན་འབེབས་དང་དབུ་འབྱེད་བཀའ་དྲིན་བསྐྱངས།
སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༠༥ ནས་སློབ་སྤྱི་བློ་བཟང་དམ་ཆོས་ཀྱི་སྐབས་སློབ་གཉེར་ལ་ལྷག་པར་བོགས་འདོན་ཆེད་དུས་དུས་སུ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་བགྲོ་གླེང་བཀོད་སྒྲིག །གངས་ཅན་རིག་གནས་སློབ་གྲྭའི་ལས་དོན་འཛིན་སྐྱོང་དང་། ༢༠༡༢ ལོའི་ཟླ་ ༠༤ པའི་ནང་ཚན་རིག་གི་ཟབ་སྦྱོང་དང་འབྲེལ་ཚན་རིག་གི་འཛིན་གྲྭ་གསར་འཛུགས་གནང་།
༢༠༢༠ ལོའི་སྤྱི་ཟླ་ ༩ ཚེས་ ༢༢ ཉིན་སློབ་སྤྱི་ཏྲེ་ཧོར་སྔགས་རམས་པ་བློ་བཟང་འཕྲིན་ལས་ཀྱི་སྐབས་སློབ་གཉེར་ཁང་གི་ཚོགས་ཁང་གསར་བཞེངས་ལེགས་འགྲུབ་བྱུང་སྟེ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་ཞལ་སྔ་ནས། གཞན་ཕན་སྣང་འབྱེད་ཚོགས་ཁང་། ཞེས་མཚན་གསོལ་དང་། རབ་གནས་བྱིན་འབེབས་དང་། དབུ་འབྱེད་གནང་ཞིང་། གསང་འདུས་རྩ་རྒྱུད་སོགས་ཀྱི་གསུང་ཆོས་ཀྱང་བཀའ་དྲིན་སྩལ། གཞན་གདན་སའི་ཆོས་ཐོག་ལ་ཕེབས་པའི་དགེ་བཤེས་རྣམས་ལ་དཔེ་ཁྲིད་དང་། བགྲོ་གླེང་སོགས་ཚོགས་ཁང་དུ་གནང་བཞིན་པ་ཡིན།
༢༠༢༢ ལོར་སློབ་སྤྱི་ཏྲེ་ཧོར་སྔགས་རམས་པ་བློ་བཟང་འཕྲིན་ལས་ཀྱི་སྐབས་སྦྱིན་བདག་གཙོ་གྲས་བླ་མ་དབུ་མཛད་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་སངས་རྒྱས་མཆོག་བརྒྱུད་ཨི་ཀྲ་ལི་ནང་པའི་མཐུན་ཚོགས་སོགས་ལས་སློབ་གཉེར་ཁང་གི་འཛིན་ཁང་དང་སློབ་དགེའི་བཞུགས་ཤག་དང་བཅས་པ་ཐོག་བརྩེགས་གསུམ་ལྡན་ཞིག་གསར་བཞེངས་གྲུབ་སྟེ། ལོ་དེའི་སྤྱི་ཟླ་ ༡ ཚེས་ ༣ ཉིན་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཞལ་སྔ་ནས་དབུ་འབྱེད་དང་རབ་གནས་བྱིན་འབེབས་གནང་། ད་ལྟའི་ཆར་སློབ་གཉེར་ཁང་ཆེན་མོར་གཙོ་བོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་འབྲུག་གྲགས་མཆོག་གིས་སློབ་གཉེར་བ་རྣམས་དང་། གདན་ས་ཁག་ནས་ཆོས་ཐོག་ལ་ཕེབས་པའི་ལྷ་ཚོགས་དགེ་བཤེས་སོགས་ལ་མདོ་སྔགས་ཀྱི་དཔེ་ཁྲིད་དང་། ལུང་དང་མན་ངག་སོགས་སྐུ་ངལ་འཛེམས་མེད་ཐོག་གནང་མུས་སུ་ཡོད་པ་ཕྱོགས་མཐའ་ཡོངས་སུ་གྲགས་པ་ལྟར་དང་། གྲྭ་ཚང་གི་འདོན་རྟ་དབྱངས་དང་། ཆོ་ག་ཕྱག་ལེན། ཐིག་རྡུལ་ཚོན་སོགས་ཀྱི་ཆེད་དུ་དགེ་རྒན་བསྐོ་བཞག་གིས་སློབ་ཁྲིད་དང་། དགེ་རྒན་གཞན་གདན་ཞུ་དང་བསྐོ་བཞག་གིས་ཕྱི་ནང་གི་སྐད་ཡིག །རིག་གནས། དེང་དུས་ཀྱི་སློབ་ཚན་སོགས་ཀྱང་གནང་མུས་ལ། གཞན་སློབ་གཉེར་ཁང་ནས་ལོ་རེ་བཞིན་གདན་ས་ཁག་ནས་ཆོས་ཐོག་ལ་ཕེབས་པའི་དགེ་བཤེས་བརྒྱ་ཕྲག་ལྷག་ལ་ཐིག་རྡུལ་ཚོན། བློས་བསླངས། ཆོ་ག་ཕྱག་ལེན་སོགས་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་བསྐོ་བཞག་གིས་རང་མོས་སློབ་ཚན་ལ་སྦྱང་བའི་མཐུན་རྐྱེན་སྐྲུན་བཞིན་ཡོད།
མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཕན་བདེ་མཆོག་མཁན་པོའི་ལས་ཐོག་སྐབས། མཁན་ཐོག་རིམ་པའི་འཆད་ཉན་གྱི་ཁོངས་སུ་རྗེ་བཙུན་ཤེས་རབ་སེང་གེའི་རྒྱུད་ཊཱིཀ་ལུང་རྒྱུན་གནང་དགོས་པའི་ཕྱག་སྲོལ་གསར་འཛུགས་དང་། སྐབས་དེའི་གྲྭ་ཚང་གི་ཕྱག་མཛོད་རྣམ་པ་བཅས་གྲོས་བསྡུར་གྱིས་བསྐྱེད་རིམ་པ་སྔགས་རམས་ཐོན་རིམ་བཞིན་ལོ་ལྟར་ཕྱིར་མིག་ལུང་ཆོས་ཐོག་རིང་། ལམ་རིམ་བསྐྱེད་རྫོགས་སོགས་ཀྱི་སྒོམ་སྒྲུབ་ཀྱིས་མཚམས་ལ་བཞུགས་དགོས་པའི་སྤྱི་མོས་སྒྲིག་གཞི་གཏན་འབེབས་གནང་།
དེ་བཞིན་དུ་ ༧ གོང་ས་མཆོག་གི་དགོངས་བཞེད་ལྟར་བཤད་གྲྭ་ཁག་སོགས་ནས་གཞུང་ཆེན་སོགས་དང་གཞུང་ཚན་གང་རུང་གི་སྟེང་རིགས་གཅིག་རྐང་འཛིན་གནང་མཁན་ཡོད་པ་ལྟར། གྲྭ་ཚང་འདིར་དཔལ་གསང་བ་འདུས་པ་སོགས་ཀྱི་རིགས་གཅིག་རྐང་འཛིན་པའང་མང་དུ་འགྲོ་བཞིན་ཡོད་པ་རྣམས་ལ་སློབ་གཉེར་ཁང་ནས་གང་ཅིར་མཐུན་རྐྱེན་སྐྲུན་བཞིན་པ་ཡིན། ད་ལྟའི་ཆར་དགེ་ལས་ཁྱོན་བསྡོམས་ ༣༣ ཡོད།