དེ་ཡང་མདོ་སྔགས་གཉིས་ཀྱི་སློབ་ཚན་རྣམས་གཙོ་བོ་སྟེ། བསྡུས་གྲྭའི་གཞུང་ནི་ཕུར་ལྕོག་བྱམས་པ་རིན་པོ་ཆེས་མཛད་པའི་རིགས་ལམ་འཕྲུལ་གྱི་ལྡེ་མིག་དང་དེ་བསྡུས་གྲྭ་འཛིན་གྲྭ་གསུམ་གྱི་སློབ་ཚན་དང་། རྗེ་བདག་ཉིད་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོ། གྲུབ་མཐའ། རྒྱལ་མཆོག་ལྔ་པ་ཆེན་པོའི་ཕར་ཕྱིན་གྱི་གཞུང་། སྔགས་ཀྱི་ས་ལམ། དབུ་མ། རྒྱུད་ཀྱི་ཊཱིཀྐ། སྔགས་རིམ་ཆེན་མོ་སོགས་སློབ་ཚན་དུ་ཡོད་ཅིང་།
ཉིན་རེ་འཛིན་གྲྭ་ཚོགས་ཏེ་དེ་དག་གི་དཔེ་ཁྲིད་དང་། ཕྱི་དྲོ་ཆོས་རར་རྩོད་པ་གནང་སྟེ་བགྲོ་གླེང་། སློབ་གཉེར་གོང་འཕེལ་ཆེད་དམ་བཅའ་ཆེན་མོ་དང་། དེང་གི་ལམ་སྲོལ་དང་མཐུན་པར་གཞུང་ཚན་བྱེ་བྲག་པ་ལ་དཔྱད་བརྗོད་སྤེལ་བཅུག་སྟེ་དཔྱད་རྩོམ་སྒྲོགས་སྦྱངས་དང་དྲི་བ་དྲིས་ལན་སོགས་ཀྱི་བགྲོ་གླེང་ཡང་དུས་ནས་དུས་སུ་བཀོད་སྒྲིག་གནང་བཞིན་ཡོད།
ལོ་རིམ་དང་པོ་བསྡུས་ཆུང་འཛིན་གྲྭ་ནས། ལོ་རིམ་བཅུ་བཞི་པ་སྔགས་རམས་འཛིན་གྲྭའི་བར་འཛིན་གྲྭ་བཅུ་བཞི་ཡོད།
སྡེ་ཚན། | ལོ་རིམ། | འཛིན་གྲྭ། | སློབ་ཚན། | |
---|---|---|---|---|
བསྡུས་གྲྭ ། | ༡ | བསྡུས་ཆུང་། | བསྡུས་ཆུང། | ཐུན་མོང་བའི་རིག་གནས། |
༢ | བསྡུས་འབྲིང། | བསྡུས་འབྲིང། | ཐུན་མོང་བའི་རིག་གནས། | |
༣ | རྟགས་རིགས། | རྟགས་རིགས། | ཐུན་མོང་བའི་རིག་གནས། | |
ཕར་ཕྱིན། | ༤ | ཕར་ཕྱིན་ལོ་དང་པོ། | གྲུབ་མཐའ། | ཐུན་མོང་བའི་རིག་གནས། |
༥ | ཕར་ཕྱིན་ལོ་གཉིས་པ།། | དྲང་ངེས། | ཐུན་མོང་བའི་རིག་གནས། | |
༦ | ཕར་ཕྱིན་ལོ་གསུམ་པ། | དོན་བདུན་ཅུ། | ཐུན་མོང་བའི་རིག་གནས། | |
༧ | ཕར་ཕྱིན་ལོ་བཞི་པ། | མདོ་ས་ལམ། | ཐུན་མོང་བའི་རིག་གནས། | |
སྔགས་ས་ལམ། | ༨ | སྔགས་ས་ལམ། | སྔགས་ས་ལམ། | ཕྱག་ལེན། |
དབུ་མ། | ༩ | དབུ་མ་ལོ་རིམ་དང་པོ། | དབུ་གསར། | ཕྱག་ལེན། |
༡༠ | དབུ་མ་ལོ་རིམ་གཉིས་པ། | དབུ་རྙིང། | ཕྱག་ལེན། | |
འདུལ་མཛོད། | ༡༡ | འདུལ་མཛོད། | འདུལ་བ།མཛོད། | ཕྱག་ལེན། |
ཊཱིཀྐ་ཆུང་བ། | ༡༢ | ཊཱིཀྐ་ཆུང་བ། | ཊཱིཀྐ་ཆུང་བ། | ཕྱག་ལེན། |
ཊཱིཀྐ་ཆེ་བ། | ༡༣ | ཊཱིཀྐ་ཆེ་བ་ལོ་རིམ་དང་པོ། | ཊཱིཀྐ་ཆེ་བ་ལོ་རིམ་དང་པོ། | ཕྱག་ལེན། |
༡༤ | ཊཱིཀྐ་ཆེ་བ་ལོ་རིམ་གཉིས་པ། | ཊཱིཀྐ་ཆེ་བ་ལོ་རིམ་གཉིས་པ། | ||
ཊཱིཀྐ་ཆེ་བ་ལོ་རིམ་གསུམ་པ། | ཊཱིཀྐ་ཆེ་བ་ལོ་རིམ་གསུམ་པ། |
དེ་ལྟར་མདོ་སྔགས་ཀྱི་སློབ་ཚན་གཙོ་བོ། བསྡུས་གྲྭའི་གཞུང་ཕུར་ལྕོག་བྱམས་པ་རིན་པོ་་རིགས་ལམ་འཕྲུལ་ལྡེ་བསྡུས་གྲྭ་འཛིན་གྲྭ་གསུམ་དང་། དྲང་ངེས། གྲུབ་མཐའ། ཕར་ཕྱིན། སྔགས་ཀྱི་ས་ལམ། དབུ་མ། རྒྱུད་ཀྱི་ཊཱིཀྐ། སྔགས་རིམ་ཆེན་མོ་སོགས་སློབ་ཚན་དུ་ཡོད་ཅིང་། ཉིན་རེ་འཛིན་གྲྭ་ཚོགས་ཏེ་དེ་དག་གི་དཔེ་ཁྲིད་དང་། ཕྱི་དྲོ་ཆོས་རར་རྩོད་པ་གནང་སྟེ་བགྲོ་གླེང་། སློབ་གཉེར་གོང་འཕེལ་ཆེད་དམ་བཅའ་ཆེན་མོ་དང་། དེང་གི་ལམ་སྲོལ་དང་མཐུན་པར་གཞུང་ཚན་བྱེ་བྲག་པ་ལ་དཔྱད་བརྗོད་སྤེལ་བཅུག་སྟེ་དཔྱད་རྩོམ་སྒྲོགས་སྦྱངས་དང་དྲི་བ་དྲིས་ལན་སོགས་ཀྱི་བགྲོ་གླེང་ཡང་དུས་ནས་དུས་སུ་བཀོད་སྒྲིག་གནང་བཞིན་ཡོད།
ཆོ་ག་ཕྱག་ལེན་གྱི་སློབ་ཚན་སྐོར་ལ།
རྒྱུད་པ་རང་གི་ཐུན་མིན་སྔར་སྲོལ་མཐོང་བརྒྱུད་ཕྱག་ལེན་མི་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོའི་ཆེད་ཆོ་ག་ཕྱག་ལེན་རྣམས་ཀྱང་སློབ་གཉེར་ཁང་ངམ་སློབ་གྲྭའི་སློབ་ཚན་དུ་བཅུག་སྟེ་འཛིན་གྲྭ་སོ་སོར་མཛུབ་ཁྲིད་གནང་བའི་ལམ་སྲོལ་གཏོད་ཡོད་པ་དང་། དེ་ཡང་མཐོ་རིམ་འཛིན་གྲྭ་ནས་བཟུང་འཛིན་གྲྭ་སོ་སོར་འོས་བབ་ཀྱིས་ཆ་བགོས་གནང་སྟེ་སློབ་ཚན་གཏན་འབེབས་གནང་ཡོད་པ་དང་། དེ་ཡང་གཙོ་བོ་གསང་བདེ་འཇིགས་གསུམ་གྱི་བདག་མདུན་བུམ་གསུམ། དབང་ཆོག་གི་སྐོར། གཏོར་ཆེན་ཁག །གཏོར་རྒྱག་གི་རིགས་འདྲ་མིན། སྲི་གནོན་སྐོར། རབ་གནས། བུམ་སྒྲུབ་རིགས་སོགས། ཆོ་ག་སོ་སོ་གཏོང་སྟངས་དང་། མཆོད་གཏོར་བཞེངས་ཚུལ། རྒྱུད་ཁུངས་གང་ཡིན། མཚོན་དོན་དང་དགོས་པ། ཕན་ཡོན་སོགས་མཐར་ཕྱིན་པ་འཆད་ཉན་དང་། མཆོད་བཟོ་དཀར་རྒྱན། དཀྱིལ་འཁོར་གྱི་ཐིག་རྩ་དང་རྡུལ་ཚོན་བློས་བསླངས་བཅས་མཛུབ་ཁྲིད་དང་སྦྱོང་བརྡར་སྤྲོད་མུས་སུ་ཡོད།
སྐད་ཡིག་རིག་གནས་སྐོར་ལ།
སྨད་རྒྱུད་པའི་སློབ་གཉེར་ཁང་ངམ་སློབ་གྲྭ་འདིར་ལོ་རིམ་དང་པོ་བསྡུས་ཆུང་ནས་ཕར་ཕྱིན་ལོ་རིམ་གསུམ་པའི་བར་ལོ་ངོ་དྲུག་གི་རིང་བོད་ཀྱི་རིག་གནས་སློབ་སྦྱོང་གནང་དགོས་པ་དང་། སློབ་ཚན་ལ། ས་མཐའི་རྣམ་དབྱེ་སོགས་དག་ཡིག་ཅི་རིགས་དང་། དངུལ་ཆུའི་སུམ་རྟགས་ལེགས་བཤད་ལྗོན་དབང་། དཀའ་གནད་གསལ་བའི་མེ་ལོང་སོགས་དང་། ཐོན་མིའི་རྩ་བའི་སྟེང་ནས་སུམ་རྟགས་གཉིས་ཀ་དང་། སྙན་ངག་སོགས་སློབ་ཁྲིད་དང་། སློབ་གཉེར་ཁང་ཐོག་མའི་གསར་འཛུགས་ཀྱི་སྐབས་སུ་དབྱིན་ཇིའི་སྐད་ཡིག་གི་འཛིན་གྲྭ་བཙུགས་ཐུབ་མེད་ཀྱང་། ཕྱིས་སུ་དབྱིན་ཇིའི་སྐད་ཡིག་དང་ ༢༠༠༧ ལོ་ནས་རང་གཞུང་ཆོས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་རྒྱ་ཡིག་དགེ་རྒན་བསྐོ་གཏོང་གནང་བ་ནས་རྒྱ་ཡིག་འཛིན་གྲྭ་གསར་འཛུགས་དང་། སུད་སིའི་ཚན་རིག་ཚོགས་པ་ Science meets Dharma ཞེས་པས་ཚན་རིག་དགེ་རྒན་ཞིག་བསྐོ་གཏོང་གནང་བ་སོགས་ཚོགས་པའི་རོགས་སྐྱོར་ལ་བརྟེན་ཚན་རིག་འཛིན་གྲྭ་གཉིས་ཀྱང་ཚོགས་མུས་སོ། །
དེ་ལྟར་འཛིན་གྲྭ་སོ་སོའི་སློབ་ཚན་རྣམས་ལ་ལོ་འཁོར་རྒྱུགས་སྤྲོད་གཏོང་དགོས་པ་དང་། ལོ་ལྟར་བོད་ཟླ་ ༡༢ པའི་བདུན་ཕྲག་གསུམ་པའི་ནང་། ཉིན་གྲངས་བཞི་ནས་ལྔ་ལ་ཐོག་མར་མདོ་སྔགས་ཀྱི་གཞུང་ཆེན་ཁག་གི་རྩོད་རྒྱུགས་དང་། དེ་རྗེས་ཆོ་ག་ཕྱག་ལེན་གྱི་བྲིས་རྒྱུགས། བོད་ཀྱི་རིག་གནས། མཚན་ཉིད་བྲིས་རྒྱུགས། ཕྱི་རྒྱལ་སྐད་ཡིག་བཅས་ཀྱི་རྒྱུགས་སྤྲོད་གཏོང་ཞིང་། རྒྱུགས་སྤྲོད་གྲུབ་པ་དང་གྲྭ་ཚང་གི་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་བྱེད་སྒོ་མ་གཏོགས་སློབ་གྲྭ་ཟླ་བ་གཅིག་དང་ཕྱེད་ཙམ་རིང་ལོ་གསར་དང་སྟབས་བསྟུན་གྱིས་གུང་སེང་གཏོང་བ་དང་། གུང་སེང་ཚར་བ་དང་ལོ་གསར་པའི་འཛིན་གྲྭ་དབུ་འཛུགས་མ་གནང་གོང་། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་གསལ་བསྒྲགས་དང་། ཨང་ཐོབ་རྣམས་ལ་ལེགས་སྐྱེས་བྱ་དགའ་གསོལ་སྩལ་གནང་སྲོལ་ཡོད།