མཐུན་པ་སྤུན་བཞི།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཆེས་རྒན་པ་ལ་བསྙེན་བཀུར་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ། མངོན་དུ་སྨྲ་བ་དང༌། ཕྱག་དང༌། ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། གདུད་པའི་ལས་བྱའོ། །དེ་ནི་ཁྱེད་ཅག་གི་སྟན་གྱི་ཐོག་མ་དང༌། བཏུང་བའི་ཐོག་མ་དང༌། བསོད་སྙོམས་ཀྱི་ཐོག་མ་ལོངས་སྤྱད་པར་འོས་པ་ཡིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་རྒན་པའི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་དོ། །དེ་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་པ་ན་ཆུའི་ནང་གི་ཨུཏྤ་ལ་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་ཀྱིས་འཕེལ་བར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གང་གི་ཚེ་ཇི་ལྟར་རྒན་པའི་བཅའ་བ་མཛད་པ་དེའི་ཚི་དགེ་སློང་གཅིག་ལ་གཅིག་གིས་བསྙེན་བཀུར་བགྱིད། བླ་མར་བགྱིད། རྗེད་པར་བགྱིད། མཆོད་པར་བགྱིད་དོ། །

དེ་རྣམས་གཅིག་ལ་གཅིག་བསྙེན་བཀུར་བགྱིད། བླ་མར་བགྱིད། རྗེད་པར་བགྱིད། མཆོད་པར་བགྱིད་བ་ན་ཆབ་ཀྱི་ནང་གི་ཨུཏྤ་ལ་ཇི་ལྟ་བ་བཞིན་དགེ་བའི་ཆོས་ཀྱིས་འཕེལ་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་ལས་གྲོལ་ཏེ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཐམས་ཅད་མཁྱེན་པ། ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་པས་ཇི་ལྟར་རྒན་པའི་བཅའ་བ་མཛད་དེ། ཇི་ལྟར་རྒན་པ་དེ་ལ་བརྟེན་ནས་དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་ཆུའི་ནང་གི་ཨུཏྤ་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་བར་གང་ཡིན་པ་འདི་ལ་ངོ་མཚར་ཅི་ཞིག་ཆེ། གང་གི་ཚེ་ང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་ལས་མ་གྲོལ་ཞིང་རྣམ་པར་ལྟུང་བའི་ལུས་ཀྱིས་ཇི་ལྟར་རྒན་པའི་བཅའ་བ་མཛད་དེ། ཇི་ལྟར་རྒན་པ་དེ་ལ་བརྟེན་ནས་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་ཕལ་ཆེར་སུམ་བཅུ་རྩ་གསུམ་པའི་ལྷའི་རིས་གྱ་ནོམ་པར་སྐྱེས་པ་གང་ཡིན་པ་དེ་ཉོན་ཅིག །

དགེ་སློང་དག་སྔོན་བྱུང་བ་ཡུལ་ཀ་ཤིའི་ནགས་སྟུག་པོ་ཞིག་ན་སྲོག་ཆགས་བཞི་གནས་པ་གོང་མ་སྲེག་དང༌། རི་བོང་དང༌། སྤྲེའུ་དང༌། གླང་པོ་ཆེའོ། །དེ་དག་ཀྱང་ཕན་ཚུན་ཡིད་གཅུགས་པས་ལྷན་ཅིག་གནས་ཤིང་མཐུན་པ་དང༌། ཡང་དག་པར་དགའ་བ་དང༌། རྩོད་པ་མེད་པ་དང༌། དོགས་པ་མེད་ཅིང་དགའ་བའི་སྤྱོད་ལམ་གྱིས་གནས་པས་དུས་འདའ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དེ་རྣམས་ཀྱི་བློ་སྐྱེས་པ། ཤེས་ལྡན་དག་བདག་ཅག་ལ་ཕན་ཚུན་ཡིད་གཅུགས་པ་ལྷན་ཅིག་གནས་ཤིང་མཐུན་པ་དང༌། ཡང་དག་པར་དགའ་བ་དང༌། རྩོད་པ་མེད་པ་ནི་ཡོད་ན་འོན་ཀྱང་བདག་ཅག་གིས་གང་ལ་བསྙེན་བཀུར་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ་བ་མི་ཤེས་ཀྱིས། མ་ལ་བདག་ཅག་གིས་རྒན་པ་ཇི་ལྟ་བའི་བཅའ་བ་བྱའོ། །དེ་རྣམས་ཕན་ཚུན་དུ་གྲོས་བྱ་བར་བརྩམས་པ། བདག་ཅག་གི་ནང་ན་སུ་རྒན། དེ་ནས་གོང་མ་སྲེག་གིས་ཤིང་ནྱ་གྲོ་དྷ་ཞིག་བསྟན་ནས། ཤེས་ལྡན་དག་སུས་ཤིང་ནྱ་གྲོ་དྷ་འདིའི་ཚད་ཇི་ཙམ་པ་མཐོང༌། གླང་པོ་ཆེས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་འགྲོ་བ་ན་འདིའི་སྲིད་ཁོ་བོའི་ལུས་དང་མཉམ་པ་ཁོ་ན་མཐོང་ངོ༌། །སྤྲེའུ་ཡིས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་འགྲོ་བ་ན་འདིའི་སྲིད་ཁོ་བོ་དང་མཉམ་པ་ཁོ་ན་མཐོང་ངོ༌། །དེ་དག་གིས་སྨྲས་པ། དེ་བས་ཁྱོད་རྒན་ནོ། །རི་བོང་གིས་སྨྲས་པ། ཁོ་བོས་འདིའི་ལོ་མ་གཉིས་སྐྱེས་པ་ན་ལོ་མའི་ཟིལ་པའི་ཐིགས་པ་ལྕེས་བལྡགས་སོ། །དེ་དག་གིས་སྨྲས་པ། འདི་དག་པས་ཀྱང་ཁྱོད་རྒན་ནོ། །གོང་མ་སྲེག་གིས་སྨྲས་པ། ཁྱེད་ཅག་གིས་ཤིང་ནྱ་གྲོ་དྷའི་ཚད་ཆེན་པོའི་རྣམ་པ་འདི་མཐོང་ངམ་དེ་རྣམས་ཀྱིས་སྨྲས་པ། འདི་མཐོང་ངོ༌། ཁོ་བོས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་རྟུག་པ་པོར་བ་དེ་ལས་སྐྱེས་པ་ནི་འདི་ཡིན་ནོ། །དེ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་ཅག་ཐམས་ཅད་ཀྱི་ནང་ན་ཁྱོད་རྒན་ནོ། །དེ་ནས་གླང་པོ་ཆེས་ཐམས་ཅད་ལ་བསྙེན་བཀུར་བྱ་བར་བརྩམས་སོ། །སྤྲེའུ་ཡིས་རི་བོང་དང་གོང་མ་སྲེག་ལའོ། །རི་བོང་གིས་ནི་གང་མ་སྲེག་ཁོ་ན་ལ་སྟེ། དེ་རྣམས་དེ་ལྟར་རྒན་རིམས་ཇི་ལྟ་བ་བཞིན་དུ་བསྙེན་བཀུར་བྱེད་ཅིང་ནགས་སྟུག་པོ་དེ་ན་ཕན་ཚུན་དུ་རྒྱུ་ཞིང་གང་གི་ཚེ་ཡང་བ་དང་གཟར་བོའི་ཕྱོགས་སུ་འགྲོ་དགོས་པ་དེའི་ཚེ་གླང་པོ་ཆེ་ལ་སྤྲེའུ། སྤྲེའུ་ལ་རི་བོང༌། རི་བོང་ལ་གོང་མ་སྲེག་ཞོན་ནོ། །

སྡུག་པ་འཕེལ་ཞིང་ཞེ་ས་དང་བཅས་པ་དེ་རྣམས་ཡང་འདི་ལྟ་བུའི་བློ་སྐྱེས་ཏེ། ཤེས་ལྡན་དག་བདག་ཅག་ལ་སྡུག་པ་འཕེལ་ཞིང་ཞེ་ས་དང་བཅས་པ་ནི་ཡོད་ཀྱིས་རེ་ཞིག་དགེ་བ་གཞན་ཡང་ཅུང་ཟད་ཅིག་བླངས་ཏེ་འཇུག་པར་བྱའོ། །ཅི་ལྟར་བྱ། གོང་མ་སྲེག་གིས་སྨྲས་པ། སྲོག་གཅོད་པ་ལས་སླར་ལྡོག་པར་བྱའོ། །བདག་ཅག་གི་སྲོག་གཅོད་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་སྲོག་ཆགས་དང་བཅས་པ་ཡང་ཡོད། སྲོག་ཆགས་མེད་པ་ཡང་ཡོད་པས་དེ་བས་བདག་ཅག་གིས་དེང་ཕྱིན་ཆད་སྲོག་ཆགས་དང་བཅས་པ་ནི་སྤངས་ལ་སྲོག་ཆགས་མེད་པ་ནི་ལོངས་སྤྱད་པར་བྱའོ་ཞེས་དེ་རྣམས་ཀྱིས་སྲོག་ཆགས་དང་བཅས་པ་ནི་སྤངས་ཤིང་སྲོག་ཆགས་མེད་པ་ལོངས་སྤྱད་པར་བརྩམས་སོ། །

དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་སྲོག་གཅོད་པ་ལས་སླར་ལོག་པ་ནི་ཡོད་ན། མ་བྱིན་པར་ལེན་པ་ལས་མ་ཡིན་པས། མ་ལ་བདག་ཅག་གིས་མ་བྱིན་པར་ལེན་པ་ལས་སླར་ལོག་པར་བྱའོ། །བདག་ཅག་གིས་མ་བྱིན་པར་ལེན་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། ཡོངས་སུ་འཛིན་པ་དང་བཅས་པའི་རྩ་བ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ཡང་ཡོད། འཛིན་པ་མེད་པ་ཡང་ཡོད་པས་དེ་བས་ན་བདག་ཅག་གིས་དེང་ཕྱིན་ཆད་ཡོངས་སུ་འཛིན་པ་དང་བཅས་པ་ནི་སྤངས་ལ་འཛིན་པ་མེད་པ་ནི་ལོངས་སྤྱད་པར་བྱའོ་ཞེས་དེ་རྣམས་ཀྱིས་ཡོངས་སུ་འཛིན་པ་དང་བཅས་པ་ནི་སྤངས་ཏེ་འཛིན་པ་མེད་པ་ནི་ལོངས་སྤྱད་པར་བརྩམས་སོ། །

དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་མ་བྱིན་པར་ལེན་པ་ལས་སླར་ལོག་པ་ནི་ཡོད་ན། འདོད་པས་ལོག་པར་གཡེམ་པ་ལས་མ་ཡིན་པས་མ་ལ་བདག་ཅག་གིས་འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པར་བྱའོ། །བདག་ཅག་གི་འདོད་པས་ལོག་པར་གཡེམ་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། བདག་ཅག་བགྲོད་པར་བྱ་བར་ཡང་འགྲོ། བགྲོད་པར་བྱ་བ་མ་ཡིན་པར་ཡང་འགྲོ་བས། དེ་བས་ན་བདག་ཅག་གིས་དེང་ཕྱིན་ཆད་བགྲོད་པར་བྱ་བ་ཁོ་ན་བགྲོད་པར་བྱའི། བགྲོད་པར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་དེ་རྣམས་བགྲོད་པར་བྱ་བ་བགྲོད་ཀྱི། བགྲོད་པར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ། །

དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་འདོད་པས་ལོག་པར་སྤྱོད་པ་ལས་སླར་ལོག་པ་ནི་ཡོད་ན། བརྫུན་དུ་སྨྲ་བ་ལས་མ་ཡིན་གྱིས། མ་ལ་དག་ཅག་གིས་བརྫུན་དུ་སྨྲ་བ་ལས་སླར་ལྡོག་པར་བྱའོ། །བདག་ཅག་གི་བརྫུན་དུ་སྨྲ་བ་ཅི་འདྲ་བ་ཞིག་ཡིན། གོང་སྲེག་གིས་སྨྲས་པ། བདག་ཅག་ཅི་ཡང་རུང་བ་སྨྲ་བས་དེ་བས་ན་བདག་ཅག་གིས་དེང་ཕྱིན་ཆད་ཅི་ཡང་རུང་བ་སྨྲ་བར་མི་བྱ་ཞིང་བརྟགས་ཤིང་བརྟགས་པའི་ཚིག་གིས་དུས་སུ་སྨྲ་བར་བྱའོ་ཞེས་དེ་རྣམས་ཀྱིས་ཅི་ཡང་རུང་བ་མི་སྨྲ་ཞིང་ཅི་ཡང་བརྟགས་ཤིང་བརྟགས་པའི་ཚིག་དུས་སུ་སྨྲའོ། །

དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་བརྫུན་དུ་སྨྲ་བ་ལས་སླར་ལོག་པ་ནི་ཡོད་ན། འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་མ་ཡིན་པས་མ་ལ་བདག་ཅག་གིས་འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བྱའོ། །བདག་ཅག་གི་འབྲུའི་ཆང་དང་སྦྱར་པའི་ཆང་མྱོས་པར་འགྱུར་བ་བག་མེད་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། མྱོས་པར་འགྱུར་བའི་འབྲས་བུ་གང་ཡིན་པ་དག་ཀྱང་ཡོད། མྱོས་པར་མི་འགྱུར་བ་གང་ཡིན་པ་དག་ཀྱང་ཡོད་པས་དེ་བས་ན་བདག་ཅག་གིས་དེང་ཕྱིན་ཆད་མྱོས་པར་འགྱུར་བའི་འབྲས་བུ་གང་དག་ཡིན་པ་སྤངས་ལ་མྱོས་པར་མི་འགྱུར་པའི་འབྲས་བུ་གང་དག་ཡིན་པ་ནི་ལོངས་སྤྱད་པར་བྱའོ་ཞེས་དེ་རྣམས་ཀྱིས་མྱོས་པར་འགྱུར་བའི་འབྲས་བུ་གང་དག་ཡིན་པ་ནི་སྤངས་ཏེ། མྱོས་པར་མི་འགྱུར་བའི་འབྲས་བུ་གང་དག་ཡིན་པ་ལོངས་སྤྱད་པར་བརྩམས་སོ། །

གང་གི་ཚེ་དེ་རྣམས་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་གནས་པ་དེའི་ཚེ་གོང་མ་སྲེག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་ལ་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་གནས་པ་ནི་ཡོད་ཀྱིས། མ་ལ་བདག་ཅག་གིས་གཞན་དག་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་དགོད་པར་བྱའོ། །དེ་རྣམས་ཀྱིས་སྨྲས་པ། དེ་བཞིན་དུ་བྱའོ། །བདག་ཅག་གི་ནང་ནས་སུས་སུ་དག་རབ་ཏུ་དགོད་པར་བྱ། སྤྲེའུ་ཡིས་སྨྲས་པ། ཁོ་བོས་ནི་སྤྲེའུ་ཐམས་ཅད་རབ་ཏུ་དགོད་པར་བྱའོ། །དེ་ནས་རི་བོང་གིས་སྨྲས་པ། ཁོ་བོས་ནི་རི་བོང་དང་སྤུ་ཅན་ཐམས་ཅད་རབ་ཏུ་དགོད་པར་བྱའོ། །གླང་པོ་ཆེས་སྨྲས་པ། གལ་ཏེ་དེ་ལྟ་ན་ཁོ་བོས་ནི། གླང་པོ་ཆེ་དང༌། སེང་གེ་དང༌། སྟག་དང༌། གུང་ཐམས་ཅད་རབ་ཏུ་དགོད་པར་བྱའོ། །གོང་མ་སྲེག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན་མདོར་ན་ཁྱེད་ཀྱིས་འདུལ་བ་མ་ཡིན་པ་རྐང་པ་མེད་པ་དང༌། རྐང་པ་གཉིས་པ་དང༌། རྐང་པ་བཞི་པ་དང༌། འདབ་ཆགས་གང་ཡིན་པ་དེ་ཐམས་ཅད་ཁོ་བོས་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་དགོད་པར་བྱའོ། །དེ་ནས་དེ་རྣམས་ཀྱིས་ཡུལ་ཀ་ཤི་ན་དུད་འགྲོའི་སྐྱེས་གནས་སུ་སོང་བའི་སྲོག་ཆགས་ཇི་སྙེད་པ་དེ་དག་ཐམས་ཅད་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་བཀོད་དོ། །

དེ་རྣམས་གཅིག་ལ་གཅིག་གནོད་བ་མི་བྱེད་ཅིང་ནགས་སྟུག་པོ་དེ་ན་ཤེས་བཞིན་གྱི་གནས་པས་ཅི་དགའ་བར་གནས་པ་དེ་རྣམས་ཀྱི་མཐུས་ལྷས་དུས་སུ་ཆར་ཕབ་པས་ས་རྟག་ཏུ་མེ་ཏོག་དང་འབྲས་བུའི་ཤིང་དང་ལོ་ཏོག་དང་ལྡན་པར་གྱུར་རོ། །མི་རྣམས་ཀྱིས་དེ་དག་གཅིག་ལ་གཅིག་གནོད་པ་མི་བྱེད་པར་གནས་པས་ས་རྟག་ཏུ་མེ་ཏོག་དང་འབྲས་བུའི་ཤིང་དང་ལོ་ཏོག་དང་ལྡན་པར་མཐོང་བ་དང་རྒྱལ་པོས་སྨྲས་པ། ངས་ཆོས་བཞིན་གྱིས་རྒྱལ་སྲིད་བྱས་ཏེ། འདི་ནི་ངའི་མཐུ་ཡིན་ནོ། །བཙུན་མོ་དང༌། གཞོན་ནུ་རྣམས་དང༌། བློན་པོ་རྣམས་དང༌། ཁྲོམ་གྱི་རུ་པ་རྣམས་དང༌། གྲོང་མི་དང༌། ཡུལ་མི་རྣམས་ཀྱིས་སྨྲས་པ། འདི་ནི་བདག་ཅག་གི་མཐུ་ཡིན་ནོ། །རྒྱལ་པོས་བསམས་པ། འདི་དག་ཐམས་ཅད་འདི་ནི་བདག་གི་མཐུ་ཡིན་ནོ། །དི་ནི་བདག་གི་མཐུ་ཡིན་ནོ་ཞེས་སྨྲ་ན། འདི་སུའི་མཐུ་ཡིན་པ་མི་ཤེས་སོ་སྙམ་ནས་དེ་ངོ་མཚར་སྐྱེས་ཏེ། ངེས་ལྟས་མཁན་རྣམས་བཀུག་ནས་སྨྲས་པ་དང༌། དེ་རྣམས་ཀྱིས་ཀྱང་མ་ཤེས་སོ། །

ཇི་ཙམ་ན་བཱ་རཱ་ཎ་སཱི་དང་ཧ་ཅང་ཡང་མི་རིང་བའི་སྐྱེད་མོས་ཚལ་ཞིག་ཡོད་དེ། དེ་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་ཏེ། བཱ་རཱ་ཎ་སཱི་ན་གནས་པའི་སྐྱེ་བོའི་ཚོགས་མཐའ་དག་གིས་མཆོད་ཅིང་རྗེད་ཅིང་མངོན་དུ་སྨྲ་བར་བྱ་བ་ཞིག་ཡོད་དོ། །

དེ་ནས་རྒྱལ་པོ་དྲང་སྲོང་དེའི་དྲུང་དུ་སོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། དྲང་སྲོང་ཆེན་པོ་བདག་གི་ཡུལ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ལ་གཅིག་གནོད་པ་མི་བྱེད་ཅིང་ཤེས་བཞིན་གྱི་གནས་པས་ཅི་དགའ་བར་གནས་པས་ལྷས་དུས་སུ་ཆར་ཕབ་པས་ས་རྟག་ཏུ་མེ་ཏོག་དང་འབྲས་བུའི་ཤིང་དང༌། ལོ་ཏོག་དང་ལྡན་པར་གྱུར་པ་དང་བདག་ནི་འདི་སྙམ་དུ་སེམས་ཏེ། བདག་གིས་ཆོས་བཞིན་གྱིས་རྒྱལ་སྲིད་བྱས་པས་འདི་ནི་བདག་གི་མཐུ་ཡིན་ནོ་སྙམ་དུ་སེམས་སོ། །བཙུན་མོ་དང༌། གཞོན་ནུ་རྣམས་དང༌། བློན་པོ་རྣམས་དང༌། ཁྲོམ་གྱི་རུ་པ་དང༌། ཡུལ་མི་དང༌། གྲོང་གི་མི་རྣམས་ཀྱིས་ཀྱང་འདི་ནི་བདག་ཅག་གི་མཐུ་ཡིན་ནོ་སྙམ་དུ་སེམས་ཏེ་བདག་ཀྱང་ངོ་མཚར་ཆེན་པོ་སྐྱེས་ན། དེའི་ཕྱིར་འདི་སུའི་མཐུ་ལགས་པ་ཐེ་ཚོམ་གཅད་པའི་རིགས་སོ། །དེས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་ཁྱོད་ཀྱི་མཐུ་མ་ལགས་ཏེ། བཙུན་མོའི་མ་ལགས། གཞོན་ནུ་རྣམས་ཀྱི་མ་ལགས། བློན་པོ་རྣམས་ཀྱི་མ་ལགས། ཁྲོམ་གྱི་རུ་པའི་མ་ལགས། གྲོང་མིའི་མ་ལགས། ཡུལ་གྱི་མིའི་མ་ལགས་ཏེ། འོན་ཀྱང་ཁྱོད་ཀྱི་ཡུལ་ན་སྲོག་ཆགས་བཞི་གནས་ཏེ། འདི་ནི་དེ་དག་གི་མཐུ་ཡིན་ནོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་རེ་ཞིག་བལྟས་མཆིའོ། །དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་རྣམས་བལྟ་ཅི་འཚལ། འོན་ཀྱང་དེ་རྣམས་ཀྱིས་ཡང་དག་པར་བླངས་ཏེ་སྤྱད་པ་གང་ལགས་པ་དེ་ཡང་དག་པར་བླངས་ཏེ་སྤྱད་མཛོད་ཅིག །དེ་རྣམས་ཀྱིས་ཅི་ཞིག་ཡང་དག་པར་བླངས་ཏེ་སྤྱད། བརྟུལ་ཞུགས་ཀྱི་གཞི་ལྔའོ། །དྲང་སྲོང་ཆེན་པོ་བརྟུལ་ཞུགས་ཀྱི་གཞི་ལྔ་ཅི་འདྲ་བ་ཞིག་ལགས། རྒྱལ་པོ་ཆེན་པོ་དེ་རྣམས་ནི་སྲོག་ཆགས་རྣམས་ཀྱི་སྲོག་མི་གཅོད། གཞན་གྱི་བདོག་པ་མི་འཕྲོག །ཐབགྲོད་པར་བྱ་བ་མ་ཡིན་པ་བགྲོད་པར་མི་བྱེད། །བརྫུན་གྱི་ཚིག་མི་སྨྲ། མྱོས་པར་འགྱུར་བའི་བཏུང་བ་མི་འཐུང་ངོ༌། །

རྒྱལ་པོས་སྨྲས་པ། དྲང་སྲོང་ཆེན་པོ་གལ་ཏེ་དེ་ལྟ་ན་བདག་གིས་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་པོ་འདི་དག་ཡང་དག་པར་བླངས་ཏེ་སྤྱད་པར་བྱའོ། །དེ་ནས་རྒྱལ་པོ་དེས་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །རྒྱལ་པོས་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པ་དང༌། བཙུན་མོ་རྣམས་ཀྱིས་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །གཞོན་ནུ་རྣམས་དང༌། བློན་པོ་རྣམས་དང༌། ཁྲོམ་གྱི་རུ་བ་དང༌། གྲོང་མི་དང༌། ཡུལ་མི་རྣམས་ཀྱིས་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་རྒྱལ་པོ་ཚངས་བྱིན་བཙུན་མོ་དང༌། གཞོན་ནུ་རྣམས་དང༌། བློན་པོ་རྣམས་དང༌། ཁྲོམ་གྱི་རུ་པ་རྣམས་དང༌། གྲོང་མི་དང༌། ཡུལ་མིར་བཅས་པའི་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱོད་དོ་ཞེས་ཐོས་སོ། །ཐོས་ནས་དེ་རྣམས་ཀྱང་བཙུན་མོ་རྣམས་དང༌། གཞོན་ནུ་རྣམས་དང༌། བློན་པོ་རྣམས་དང༌། ཁྲོམ་གྱི་རུ་པ་རྣམས་དང༌། གྲོང་མི་རྣམས་དང༌། ཡུལ་མི་རྣམས་དང༌། ལྷན་ཅིག་ཏུ་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །འཛམ་བུའི་གླིང་གི་སྐྱེ་བོའི་ཚོགས་ཐམས་ཅད་ལས་ཕལ་ཆེར་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །དེའི་ཚེ་འཛམ་བུའི་གླིང་པ་འཆི་བའི་དུས་བྱེད་ན། དེ་ལུས་ཞིག་ནས་སུམ་བཅུ་རྩ་གསུམ་པའི་ལྷ་གྱ་ནོམ་པ་རྣམས་སུ་སྐྱེས་སོ། །

དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་འཁོར་རྒྱས་པར་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། གུས་བཅས་ཞེ་སར་བཅས་པ་དག །དཀའ་ཐུབ་ཚལ་ན་གནས་པ་ཡི། །གོང་མ་སྲེག་གི་ཚངས་སྤྱོད་དག །འཇིག་རྟེན་སོ་སོར་རབ་ཏུ་བསྟན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གོང་མ་སྲེག་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རི་བོང་ནི་དགེ་སློང་ཤཱ་རིའི་བུ་ཡིན་ནོ༑ ༑སྤྲེའུ་ནི་མོད་གལ་གྱི་བུ་ཡིན་ནོ། །གླང་པོ་ཆེ་ནི་ཀུན་དགའ་བོ་ཡིན་ནོ། །དེའི་ཚེ་ཡང་ངས་རྒན་པ་ཇི་ལྟ་བུའི་བཅའ་བ་མཛད་དེ། རྒན་པ་ཇི་ལྟ་བདེ་ལ་བརྟེན་ནས་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་ཕལ་ཆེར་སུམ་བཅུ་རྩ་གསུམ་པའི་ལྷའི་རིས་རྣམས་སུ་སྐྱེས་སོ། །

ད་ལྟར་ཡང་ངས་རྒན་པ་ཇི་ལྟ་བའི་བཅའ་བ་མཛད་དེ། རྒན་པ་ཇི་ལྟ་བ་དེ་ལ་བརྟེན་ནས་དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་པས་ཆུའི་ནང་གི་ཨུཏྤལ་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་ཀྱིས་འཕེལ་བར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ཚངས་པ་མཚུངས་པར་སྤྱོད་པའི་གནས་བརྟན་དང༌། བར་མ་དང༌། གསར་བུ་རྣམས་ལ་བཀུར་སྟི་དང་བཅས། ཞེ་ས་དང་བཅས། འཇིགས་པའི་དབང་དུ་འགྲོ་བ་དང་བཅས་པས་གནས་པར་བྱའོ། །དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་དགེ་སློང་དེ་གནས་བརྟན་དང༌། བར་མ་དང༌། གསར་བུ་རྣམས་ལ་བཀུར་སྟི་མེད། ཞེས་མེད་ཅིང་འཇིགས་པའི་དབང་དུ་མི་འགྲོ་བས་གནས་ན་ཀུན་དུ་སྤྱོད་པའི་ཆོས་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་མེད་དོ། །ཀུན་དུ་སྤྱོད་པའི་ཆོས་ཡོངས་སུ་མ་རྒྱས་པར་སློབ་པའི་ཆོས་རྣམས་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་མེད་དོ། །སློབ་པའི་ཆོས་རྣམས་ཡོངས་སུ་མ་རྒྱས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་མེད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་མ་རྒྱས་པར་ལེན་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་གནས་འདི་མེད་དོ། །དགེ་སློང་དག་རེ་ཞིག་དགེ་སློང་དེ་ཚངས་པ་མཚུངས་པར་སྤྱོད་པའི་གནས་བརྟན་དང༌། བར་མ་དང༌། གསར་བུ་རྣམས་ལ་བཀུར་སྟི་དང་བཅས། ཞེ་ས་དང་བཅས། འཇིགས་པའི་དབང་དུ་འགྲོ་བ་དང་བཅས་པས་གནས་ན་ཀུན་དུ་སྤྱོད་པའི་ཆོས་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་ཡོད་དོ། །ཀུན་དུ་སྤྱོད་པའི་ཆོས་ཡོངས་སུ་རྒྱས་ན་སློབ་པའི་ཆོས་རྣམས་ཡོངས་སུ་རྒྱས་བར་འགྱུར་བའི་གནས་འདི་ཡོད་དོ། །སློབ་པའི་ཆོས་རྣམས་ཡོངས་སུ་རྒྱས་ན་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་ཡོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྒྱས་ན་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་གནས་འདི་ཡོད་དོ། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། གནས་བརྟན་དང༌། བར་མ་དང༌། གསར་བུ་རྣམས་ལ་བཀུར་སྟི་དང་བཅས། ཞེ་ས་དང་བཅས། འཇིགས་པའི་དབང་དུ་འགྲོ་བ་དང་བཅས་པས་གནས་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །ཞེས་བཀའ་སྩལ་ཏོ། །

སྤྱན་རས་གཟིགས་ཀྱི་གཟུངས་རིང་གི་ཚིག་དོན།

སྤྱན་རས་གཟིགས་ཀྱི་གཟུངས་རིང་གི་ཚིག་དོན།

ཕྱག་སྟོང་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །

ན་མོ་རཏྣཏྲ་ཡཱ་ཡ། ན་མཿ ཨཱརྱ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ན། བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མཿ ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱཧཱ།

འཕགས་པ་སྤྱན་རས་གཟིགས་ཀྱི་གཟུང་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །ན་མཿ ཨརྱ་ཛྙཱ་ན་སཱ་ག་ར། ཕྱག་འཚལ་ལོ་འཕགས་པ་ཡེ་ཤེས་རྒྱ་མཚོ་ལ། བཻ་རོ་ཙ་ན། ལུས་ཅན་རྣམ་པར་སྣང་མཛད། བྱཱུ་ཧ་རཱ་ཛཱ་ཡ། བཀོད་པའི་རྒྱལ་པོ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ན་མཿ ཕྱག་འཚལ་ལོ། །སརྦ་ཏ་ཐ་ག་ཏེ་བྷྱ༔ ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ལ། ཨརྷ་ཏེ་བྷྱཿ དགྲ་བཅོམ་པ་རྣམས་ལ། སམྱཀྶཾ་བུདྡྷེ་བྷྱ༔ ཡང་དག་པར་རྫོགས་པ་སངས་རྒྱས་རྣམས་ལ། ན་མཿ ཕྱག་འཚལ་ལོ། །ཨཱརྱ་ཨ་ཝ་ལོ་ཀེ་ཏེ་ཤྭ་རཱ་ཡ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། བོ་དྷི་ས་ཏྭ་ཡ། བྱང་ཆུབ་སེམས་དཔའ། མ་ཧཱ་སཏྭ་ཡ། སེམས་དཔའ་ཆེན་པོ་ལ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཏདྱ་ཐཱ། འདི་ལྟ་སྟེ། ཨོཾ་དྷ་ར་དྷ་ར། གཟུངས་སྔགས། དྷི་རི་དྷི་རི། འཛིན་པ་འཛིན་པ། དྷུ་རུ་དྷུ་རུ། ཟུངས་ཤིག་ཟུངས་ཤིག །ཨི་ཊྚེ། དབང་། ཝེ་ཊྚེ། ཞུ་བ། ཙ་ལེ་ཙ་ལེ། བསྐྱོད་ཅིག་བསྐྱོད་ཅིག །པྲ་ཙ་ལེ་པྲ་ཙ་ལེ། རབ་ཏུ་བསྐྱོད་པ་རབ་ཏུ་བསྐྱོད་པ། ཀུ་སུ་མེ། མེ་ཏོག་འཛིན་པ། ཀུ་སུ་མ་ཝ་རེ། མེ་ཏོག་གི་མཆོད་པ་འཛིན་པ། ཨི་ལི། ཐབས་ཤེས། མི་ལི། བླ་མ་མཆོད། ཙི་ཏི་ཛྭ་ལ། སེམས་ཀྱིས་འབར་བ། མ་པ་ན་ཡེ་སྭཱ་ཧཱ། གཞི་ཚུགས་ཤིག །ཞེས་པའོ། །

གཟུངས་ལ་དབྱེ་ན། ངོ་བོའི་སྒོ་ནས་རྣམ་སྨིན་གྱིས་ཐོབ་པའི་གཟུངས་དང་། ཐོས་བསམ་གོམས་པས་ཐོབ་པའི་གཟུངས་དང་། སྒོམ་བྱུང་ཏིང་ངེ་འཛིན་ལས་ཐོབ་པའི་གཟུངས་དང་གསུམ། དམིགས་ཡུལ་གྱི་སྒོ་ནས་དབྱེ་ན། བཟོད་པའི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། སྔགས་ཀྱི་གཟུངས་དང་བཞི། སྔགས་ཀྱི་གཟུངས་ལའང་ཏིང་ངེ་འཛིན་གྱི་གཟུངས་དང་། སྨོན་ལམ་གྱི་མཐུས་བྱིན་གྱིས་བརླབས་པའི་གཟུངས་གཉིས་ཡོད། ཨ་ར་པ་ཙ་ན་སོགས་པའི་ཕྱི་མོའི་ཡེ་གེ་ཞེ་གཉིས་རེ་རེ་ལ་གཟུགས་སྔགས་རེ་ཡོད་པ་ཐུབ་དགོངས་དང་རྟོག་གེ་འབར་བ་སོགས་ལས་གསུངས།

འབྲས་སྒོ་མང་མཁན་ཟུར་ངག་དབང་ཉི་མའི་གསུང་ལས་དྲངས།

གཏོར་མའི་རྣམ་གཞག།

གཏོར་མའི་ཕན་ཡོན་དང༌། ངོ་བོ་དང༌། སྒྲ་བཤད་དང༌། དབྱེ་བ་དང༌། ཕྱེ་བ་སོ་སོའི་ངོས་འཛིན་དང༌། ཆོ་གའི་ཁྱད་པར་དང༌། ཆུ་གཏོར་བྱེ་བྲག་ཏུ་བཤད་པ་དང་བདུན་ལས། དང་པོ་ནི། བྷ་ལིཾ་ཨཱ་ཙརྻའི་ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་ཆོག་ལས། བསོད་ནམས་ཀྱི་ཚོགས་གསོག་པ་དང༌། གཏོར་མས་བར་ཆད་ཐམས་ཅད་ཞི་བ་དང༌། གཏོར་མས་འཕྲིན་ལས་རྣམ་བཞི་འགྲུབ་པ་དང༌། གཏོར་མ་ནི་ལྷ་བསྒོམ་པ་དང༌། རབ་གནས་དང༌། སྦྱིན་སྲེག་དང༌། ལས་ཚོགས་ཀུན་ལ་སྔོན་དུ་འགྲོ་བ་དང༌། གཏོར་མས་སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང༌། ལྷ་རྣམས་ཀྱིས་བསྲུངས་ཤིང་སྐྱོབས་པ་དང༌། སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་འགྱུར་བ་དང༌། གཏོར་མས་ཚེ་རིང་ཞིང་བསོད་ནམས་ཚད་མེད་པ་བསྐྱེད་ཅིང་འཕེལ་བ་དང༌། སྦྱིན་པའི་ཕར་ཕྱིན་མྱུར་དུ་རྫོགས་པར་བྱེད་ཅིང༌། གཏོར་མས་བསོད་ནམས་དང་ཚེའི་ཚད་ཀྱང་འཕེལ་ཞིང་སྐྱེ་བར་བྱེད་པ་དང༌། གཏོར་མས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཆོད་པའི་བསོད་ནམས་ཐོབ་པས། ཚེ་རིང་བ་དང༌། བསོད་ནམས་དང༌། མདངས་དང༌། སྟོབས་སྐྱེ་ཞིང་འཕེལ་བ་དང༌། དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་དང༌། མི་དང་མི་མ་ཡིན་པ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་མ་རུངས་པ་ཐམས་ཅད་ཀྱིས་གཙེ་ཞིང་གནོད་པ་བྱེད་མི་ནུས་པ་དང༌། དེ་དག་སོགས་གཞན་ལ་གཟི་བརྗིད་ཚད་མེད་པ་དང་ལྡན་པར་འགྱུར་བ་སོགས་མཐའ་ཡས་པའི་ཕྱིར།

ཁྱད་པར་དང་པོ་ཡིན་ཏེ། དཔེར་ན་གྲུབ་དབང་བྷ་ལིཾ་ཨཱ་ཙརྱ་ལྟ་བུ་ཡིན་པའི་ཕྱིར་ཏེ། རྒྱལ་སྡེའི་གཏོར་ཆོག་ལས། ཕན་ཡོན་ཆེ་ལ་སླ་བ་ཆུ་གཏོར་ཡིན་པས་འདི་ལ་བརྩོན་པར་བྱའོ། །ཞེས་དང༌། ཤཱཀྱའི་འགྲེལ་བ་ལས་ཀྱང༌། དེ་ལ་སླ་བ་ནི་སླ་བ་སྟེ་ཉམས་སུ་བླངས་པ་ལ་ཚེགས་ཆུང་དུས་དོན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ནས། ཡོ་བྱད་ཅུང་ཟད་ཙམ་གྱི་རྒྱུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་མཐའ་དག་མ་ལུས་པར་ཡོངས་སུ་རྫོགས་པར་འགྲུབ་པར་བསྟན་ཏེ། འདི་ལྟར་འཁོར་བ་ཐམས་ཅད་ཀྱི་དབུལ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཡང་དག་པར་གཅོད་པར་བྱེད་པའི་དོན་དང༌། བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་འགྱུར་བའི་དོན་གྱིས་ཞེས་གསུངས་པའི་ཕྱིར། འདིས་རྒྱུ་ཚོགས་གཉིས་འགྲུབ་པ་དང་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་ཚུལ་རྒྱས་བར་བཤད་པས། བསོད་ནམས་ཀྱི་ཚོགས་གསོག་པར་ཡང་བཤད་དོ། །

ཁྱད་པར་གཉིས་པ་ཡིན་ཏེ། བི་བྷུ་ཏིའི་ཀྱེ་རྡོར་འགྲེལ་བ་ལས། འདོད་པའི་དོན་འགྲུབ་པའི་ཕྱིར་དང༌། བར་ཆད་ཞི་བའི་ཕྱིར་དང༌། དགེ་བའི་ཕྱིར་ཡང་གཏོར་མ་གསུངས་པ། ཞེས་དང༌། འདོད་དོན་འགྲུབ་ཕྱིར་བར་ཆད་ནི། །ཞི་བའི་ཕྱིར་དང་དགེ་བའི་ཕྱིར། །འཆད་པར་འགྱུར་བའི་ཆོ་ག་ཡིས། །གཡེལ་མེད་པས་ནི་གཏོར་མ་སྦྱིན། །ཞེས་དང༌། སྐལ་བཟང་རྡོ་རྗེའི་ལམ་རིམ་ལས། བདག་དང་གཞན་གྱི་བར་ཆད་ཉེ་བར་ཞི་བར་བྱ་བའི་ཕྱིར་གཏོར་མའི་ཆོ་ག་དང༌། ཞེས་གསུངས་སོ། །ཁྱད་པར་གསུམ་པ་གྲུབ་སྟེ། རྒྱུད་བརྟག་གཉིས་ལས། གལ་ཏེ་འདིས་འབྱུང་པོའི་ཚོགས་ཕྱིར་རྟག་ཏུ་གཏོར་མ་སྦྱིན་ན་དབང་དང༌། མངོན་སྤྱོད་དང༌། དགྲ་སྡེ་འཇིགས་པ་དང༌། བསྐྲད་པ་དང༌། གསད་པ་དང༌། དགུག་པ་དང༌། ཞི་བ་དང༌། རྒྱས་པར་ཡང་འགྱུར་རོ། །ཞེས་དང༌། བཞི་པ་ཡང་ཡིན་ཏེ། རྣམ་བཤད་མཁའ་འགྲོའི་གསང་མཛོད་ལས། དེ་ལས་ཀྱང་ལྷ་བསྒོམ་པ་དང༌། མཆོད་པ་དང༌། རབ་གནས་དང༌། དཀྱིལ་འཁོར་དང་ལས་ཚོགས་ཀུན་ལ་གཏོར་མ་སྔོན་དུ་འགྲོ་བས། ཞེས་སོ། །ལྔ་བ་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་སོགས་ཡིན་ཏེ། ཁ་འབར་མ་ལ་སྐྱབས་མཛད་པའི་གཟུངས་ལས། རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་ཤིང་དགོངས་པར་འགྱུར་རོ། །ལྷ་མང་པོས་རྟག་ཏུ་བསྲུང་ཞིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དྲུག་པ་གཏོར་མས་ཚེ་རིང་བ་དང་བསོད་ནམས་ཚད་མེད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དཔེར་ན་གྲུབ་ཆེན་ལྕེ་སྒོམ་ལྟ་བུ། ལྕེ་སྒོམ་པ་ལོ་བརྒྱད་ཅུ་རྩ་གྲངས་བཞུགས་པ་གཏོར་མའི་བྱིན་རླབས་ཡིན་གསུངས་པ་དང༌། ཡང་ལྕེ་སྒོམ་གྱི་ཞལ་ནས། ང་ལ་དང་པོ་རྒྱགས་སུ་ཞོ་གཅིག་ལས་མེད་དེ། ད་ལྟ་ལོངས་སྤྱོད་ཆེ་བ་གཏོར་མའི་དོན་ཡིན་པར་འདུག་གསུངས། ཆོས་པ་ལྟོ་གོས་ཀྱིས་ཕོངས་པ་མཐོང་ཙ་ན། གཏོར་མ་མ་ཐོང་བ་ཡིན། ཞེས་གསུངས། སྐབས་ཤིག་ཏུ་བླ་མའི་རྒྱགས་ཆད་ནས་ཕྱེ་ཕད་སྤྲུགས་པས་རྩམ་པ་བྲེ་བཞི་བྱུང་བ་གཏོར་མ་བཏང་བས། ཉིན་ཕྱེད་ནས་ཡོན་བདག་འགས་ནས་མང་པོ་དང་ཆོས་སྟོན་བཟང་པོ་ཁྱེར་ནས་བྱུང་བས། བླ་མས་ཉེ་གནས་ལ་ཞིང་གི་སྟོན་ཐོག་ལས་མི་མགྱོག་གམ་གསུངས་པ་ཚེ་དང་བསོད་ནམས་འཕེལ་བའི་དཔེ་གཅིག་སྟེ། གཟུངས་ལས་ཀྱང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཚེ་རིང་བར་འདོད་དམ་བསོད་ནམས་ཆེས་འཕེལ་བ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་ན་ནི་རྟག་ཏུ་སྔ་དྲོའི་དུས་སམ། ཞེས་གསུངས། ཀླུ་སྒྲུབ་ཀྱིས་ཀྱང༌། གང་གིས་ལུས་ནི་རབ་རྒྱས་ཤིང༌། །བདེ་བ་ཆེན་པོ་ཐོབ་འགྱུར་བ། །ཡི་དྭགས་ཚིམ་བྱེད་གཏོར་མ་ནི། །དེ་ནི་གཞན་ཡང་རབ་བཤད་བྱ། །ཞེས་གསུངས་པའི་ཕྱིར། བདུན་པ་ཡང་ཡིན་ཏེ། གཏོར་མས་བསོད་ནམས་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པས་རྟག་ཏུ་མི་མ་ཡིན་པའི་འབྱུང་པོ་རྣམས་ཀྱིས་མི་མཐོང་ཞིང༌། སྟོབས་དང་བརྩོན་འགྲུས་གཟུགས་དང་གཟི་བརྗིད་དྲན་པ་དང་ལྡན་པར་འགྱུར་བའི་ཕྱིར། གཟུངས་ལས། དེ་བཞིན་གཤེགས་པ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །རྟག་ཏུ་མི་མ་ཡིན་པ་རྒྱུ་བ་འབྱུང་པོ་དང་ཤ་ཟ་ལ་སོགས་པ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། གདོན་དང་ཡི་དྭགས་རྣམས་ཀྱིས་མི་མཐོང་བར་འགྱུར་རོ། །སྟོབས་དང་བརྩོན་འགྲུས་ཀྱང་ལྡན་པར་འགྱུར་རོ། །གཟུགས་དང་ལྡན་པ་དང༌། གཟི་བརྗིད་དང་ལྡན་པ་དང༌། དྲན་པ་དང་ལྡན་པར་ཡང་འགྱུར་རོ། །ཞེས་དང༌། བརྟག་གཉིས་ལས། གལ་ཏེ་འདིས་གཏོར་མས་འབྱུང་པོ་ཐམས་ཅད་ལ་མཆོད་པར་བྱེད་ན་རྣལ་འབྱོར་བ་རྣམས་ལེགས་པར་འགྱུར་རོ། །དེ་རྣམས་ལ་བདེ་བ་དྲི་མ་མེད་པ་དང་ལྷ་མོ་རྣམས་དང༌། འགྲོ་བ་རབ་ཏུ་འབྱོར་བ་རྣམས་དགའ་བར་འགྱུར་རོ། །ཞེས་དང༌། འཇམ་དཔལ་གྲགས་པའི་སྙིང་པོ་རྒྱན་ལས། འབྱུང་པོ་ཆེ་དང་དམན་པ་ཡིས། །གཏོར་མའི་ལས་ལ་བརྩོན་བྱས་ན། །ཚེ་དང་བསོད་ནམས་འཕེལ་འགྱུར་བས། །བྱང་ཆུབ་ཀྱི་ནི་རྒྱུ་ཉིད་ཕྱིར། །འབད་དེ་དེ་ཡི་ལས་བྱའོ། །ཞེས་དང༌། ཡེ་ཤེས་རྡོ་རྗེའི་ལམ་རིམ་ལས། ཕྱི་རབས་ཀྱི་གང་ཟག་ཆོས་ལ་དད་པ་རྣམས་ཀྱིས་འབྱུང་པོའི་གཏོར་མ་ལ་བརྩོན་པས། ཡི་དྭགས་ལ་ཕན་པ་དང་བདག་གི་འབྱོར་པ་མི་ཉམས་པའོ། །ཞེས་སོ། །

གཉིས་པ་གཏོར་མའི་ངོ་བོ་ཡོད་དེ། ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་དང་ཚིགས་བཅད་དང་རྫས་ཀྱི་ནུས་པའི་སྒོ་ནས་མགྲོན་གྱི་ལྷ་ཚོགས་ཚིམ་པར་བྱེད་པའི་དངོས་གྲུབ་ཀྱི་རྟེན་གཞིའི་རྫས་དེ་གཏོར་མའི་ངོ་བོ་ཡིན་ཏེ། ཕྱག་རྡོར་གྱི་ལས་རིམ་ལས། ལས་རིགས་ཐམས་ཅད་གང་བྱེད་ཀྱང༌། །གཏོར་མ་ལས་ཀྱི་གྲོགས་སུ་འགྱུར། །དེས་ན་གཏོར་མ་སྔོན་ལ་བཤད། །གཏོར་མ་ལས་དང་ཀུན་ལ་ཡང༌། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༌། །ཚིགས་བཅད་རྫས་ཀྱི་ནུས་པའི་མཐུ། །དེ་ལྔ་ཚོགས་ལས་མ་ལུས་འགྲུབ། །ཅེས་གསུངས། དེ་ལྔའི་དང་པོའམ་རབ་ནི་ཏིང་འཛིན་དང༌། དེ་རྗེས་སྔགས་གཙོ། དེ་རྗེས་ཕྱག་རྒྱ་ཡིན། དེ་རྗེས་ཚིགས་བཅད་དང༌། དེ་ཐམས་ཅད་ཀྱི་གཞིའམ་རྟེན་ནི་རྫས་ལ་བྱེད་དགོས་ཏེ། ཏིང་འཛིན་རྒྱལ་པོ་བཞིན་དུ་ཀུན་ལ་དབང་པར་བྱེད། སྔགས་ནི་བྲམ་ཟེ་ནུས་ལྡན་ལྟ་བུར་ནུས་པ་འབྱིན་པ་སོགས་ཡིན་པའི་ཕྱིར། ཕྱག་ན་རྡོ་རྗེའི་ལས་རིམ་ལས། དེ་ཡང་ཏིང་འཛིན་རྒྱལ་པོའི་ཚུལ། །བྲམ་ཟེ་སྔགས་ཀྱི་ནུས་པ་མཐུན། །རྗེའུ་རིགས་ཕྱག་རྒྱ་ཉིད་དང་མཐུན། །ཚིགས་བཅད་ཐ་མལ་སྤྱོད་པ་འདྲི། །རྫས་ནི་ཀུན་གྱི་གཞི་རྟེན་འགྱུར། །ཞེས་གསུངས་པའི་ཕྱིར།

གསུམ་པ་སྒྲ་བཤད་ལ། སྒྲ་སྒྲུབ་པ་དང་བཤད་པ་གཉིས། དང་པོ་ནི། བྱིངས་མདོ་ལས། བ་ལ་སྟོབས་དང༌། སྲོག་བྱེད་པ་དག་ལ་འོས་བྱིངས་པ་ལ་བཞག །བྱིངས་ཐམས་ཅད་པ་ལས་ཨི་འོས་ཨི་བྱིན་པས། བ་ལི། གཉིས་པའི་ཨམ་བྱིན། ཨགྣི་སོགས་ལས་ཨ་དབྱི་བར་བྱས་པས། བ་ལི། དངོས་པོ་ལ་ཏཱ་ཏྭ་དག་གསོ། ད་ཕན་གྱི་རྐྱེན་ཏཱ་བྱིན་པས། བ་ལིཾ་ཏཱ་གྲུབ་སྟེ་གཏོར་མ་ཞེས་པའོ། །སྒྲ་བཤད་ནི། རྫས་མང་པོ་འཛིན་ཆགས་མེད་པར་གཏོང་བས་ན་གཏོར་མ་ཞེས་བྱ། ངེས་ཚིག་གིས་བཤད་ན། རྫས་མང་པོ་ལའང་འཛིན་ཆགས་མེད་པར་གཏོང་པས་ན་གཏོར་མ་ཞེས་བྱ་སྟེ། སློབ་དཔོན་མི་བསྐྱོད་པའི་འགྲེལ་བ་ལས། རྫས་མང་པོ་བསྟབ་པ་ལ་མི་འཛིན་པས་གཏོར་མ་སྟེ། མི་འཛིན་གཏོར་བས་གཏོར་མའོ། །ཞེས་དང༌། སྐལ་བཟང་རྡོ་རྗེའི་ལམ་རིམ་ལས། མ་ཆགས་པར་གཏོར་བས་ན་གཏོར་མའོ། །ཞེས་གསུངས་སོ། ཞེས་གསུངས་པའི་ཕྱིར། གཏོར་མ་ལ་ཐབས་ཤེས་གཉིས་ཀ་ཚང་སྟེ། གཏོར་མ་ནི། ཟང་ཟིང་དང་མི་འཇིགས་པ་དང་ཆོས་དང་བྱམས་པའི་སྦྱིན་པ་བཞི་ཚང་བར་ཕར་ཕྱིན་དྲུག་ལྡན་དུ་སྤྱོད་པས་ན་ཐབས་ཤེས་གཉིས་ཀ་ཚང་བའི་ཕྱིར་ཏེ། ཇོ་བོའི་བདུད་རྩི་འབྱུང་བའི་ཊཱིཀྐ་ལས། གཏོར་མ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཏུ་ལྡན་པ་ཐབས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཞེས་སོ། །གཏོར་མའི་བྱེད་ལས་ནི། མདོ་ལས། རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །གང་ཡང་སེམས་ཅན་ཚོགས་གཞན་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །སྤྱིན་པས་འབྱུང་པོ་དབང་དུ་འགྱུར། །སྦྱིན་པས་དགྲ་རྣམས་མེད་པར་འགྱུར། །ཕ་རོལ་ཉིད་ཡང་སྦྱིན་པ་ཉིད། །དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པས་ངན་འགྲོ་བཟློག་པར་བྱེད། །སྦྱིན་པ་མཐོ་རིས་ཐེམ་སྐས་ཡིན། །སྦྱིན་པ་ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས། །མི་ཟད་ནམ་མཁའ་ལྟ་བུ་གང༌། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་དེ་ནི་ཡང་དག་སྤེལ། །ཞེས་གསུངས་པ་འདིས་གཏོར་མའི་བྱེད་ལས་ལེགས་པར་སྟོན་པས་གོ་བར་བྱ།

བཞི་པ་གཏོར་མའི་དབྱེ་བ་ནི། གཏོར་མ་ལ་ཕྱིའི་གཏོར་མ་དང༌། ནང་གི་གཏོར་མ་དང༌། གསང་པའི་གཏོར་མ་དང༌། བླ་ན་མེད་པའི་གཏོར་མ་དང་བཞིར་ཡོད་དེ། ཕྱག་རྡོར་གོས་སྔོན་ཅན་གྱི་གཏོར་ཆོག་ལས། གསང་བ་བླ་མེད་མཆོག་ཏུ་འདོད། །ཕྱི་ནང་ཐུན་མོང་ཤེས་པར་བྱ། །ཞེས་སོ། །

ལྔ་པ་དབྱེ་བ་སོ་སོའི་ངོས་འཛིན་ལས། ཕྱིའི་གཏོར་མ་ནི་ཕྱིའི་རྩ་བ་ལྔ། འབྲུ་ལྔ། སྨན་ལྔ། ཆན་ཐུག་ཁུར་བ་སོགས་ཅི་རིགས་ལས་གྲུབ་པའི་གཏོར་མ་ཡིན་ཏེ། གོས་སྔོན་གཏོར་ཆོག་ལས། རྩ་བ་ལྔ་དང༌ཡན་ལག་ལྔ། །འབྲུ་དང་ཤིང་ཏོག་སྨན་རྣམས་དང༌། །ཆན་ཐུག་ཁུར་བ་ལ་སོགས་པ། །ཞེས་པ་ནས། དེ་དག་ཐམས་ཅད་ཕྱིའི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདི་ལ་ལས་ཐམས་ཅད་ཡོད་དེ། ངག་དབང་གྲགས་པའི་གཏོར་བཤད་ལས། དཀྱིལ་འཁོར་དང་ནི་སྦྱིན་སྲེག་དང༌། །གཞན་ཡང་ལྷ་རྣམས་མཉམ་པར་བསྐང༌། །ནས། རྟག་ཏུ་གཏོར་མའི་ལས་རྣམས་བྱ། །ཞེས་སོ། །

ནང་གི་སྙིང་ཀའི་ལྷ་ལ་འབུལ་རྒྱུའི་ཟས་སམ་རྫས་དེ་ནང་གི་གཏོར་མ་ཡིན་ཏེ། གོས་སྔོན་གྱི་གཏོར་ཆོག་ལས། ནང་གི་སྙིང་ཀའི་ལྷ་རྣམས་ལ། །གཏོར་མ་ཟས་རྣམས་ཡིན་པས་ན། །བདུད་རྩིར་བྱིན་གྱིས་བརླབས་ནས་ནི། །ལྷ་ལ་ཏིང་ངེ་འཛིན་གྱིས་དབུལ། །ཞེས་སོ། །

འདི་ལ་ལས་བཞི་ཡོད་པར་བཤད། གསང་བའི་གཏོར་མ་ནི་ལྟེ་བའི་ངེས་དོན་གྱི་མཁའ་འགྲོ་མ་དང་སྙིང་ཀའི་ངེས་དོན་གྱི་དཔའ་བོ་ཚིམ་བྱེད་ཀྱི་བྱང་སེམས་དཀར་དམར་གཉིས་གསང་བའི་གཏོར་མ་ཡིན་ཏེ། གོས་སྔོན་གཏོར་ཆོག་ལས། གསང་བའི་གཏོར་མའི་སྦྱོར་ཀ་ནི། །ལྟེ་བ་པདྨ་གཏོར་མའི་སྣོད། །དེ་སྙིང་ཟླ་བའི་སྟེང་དུ་ནི། །བྱང་ཆུབ་སེམས་ནི་ཀུནྡ་ལ། །བདུད་རྩི་ལ་སོགས་ཡོན་ཏན་སོགས། །གཏོར་མ་རྗེས་སུ་བསྟན་པ་ཡིན། །ཞེས་སོ། །

བླ་ན་མེད་པའི་གཏོར་མ་ཡང་ཡོད་དེ། ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་དེ་དེ་ཡིན་པའི་ཕྱིར། གཏོར་ཆོག་ལས། གསང་བའི་གཏོར་མ་སྦྱོར་ཀ་ནི། །ལྷན་ཅིག་སྐྱེས་པའི་དགའ་བའམ། །ཐམས་ཅད་རྫོགས་པའི་མན་ངག་ཚང༌། །བླ་མེད་མན་ངག་སྦྱོར་ཀ་ཡི། །གཏོར་མའི་མན་ངག་སྦྱོར་ཀ་རྣམས། །ཞེས་གསུངས་པའི་ཕྱིར།

ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་གསུང་གཏོར་མའི་རྣམ་བཤད་རྒྱལ་བའི་བདེ་ལམ་གཞུང་དོན་རབ་གསལ་ལས་བཤུས།

ཡེ་དྷརྨཱའི་འགྲེལ་པ།

རྒྱ་གར་སྐད་དུ། ཡེ་དྷརྨཱཥྚཱི་ཀ །བོད་སྐད་དུ། ཡེ་དྷརྨཱའི་འགྲེལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །ད་ནི་ཡེ་དྷརྨཱ་ཧེ་ཏུ་པྲ་བཱ་ཝ་ཧེ་ཏུཾ། ཞེས་བྱ་ལ་ལ་སོགས་པས་རྒྱུད་རབ་ཏུ་གནས་པའི་དོན་དུ་གྲུབ་པའི་མཐའ་གསུངས་པ་ཡིན་ཏེ། འཆད་པ་པོ་རྣམས་ལ་ཡང་གསུངས་པ་ཡིན་ནོ། །མདོ་སྡེ་དང་ནི་རྣལ་འབྱོར་གྱི། །ཁང་པར་ཡང་ནི་འཇུག་པ་ནང་། །ཡེ་དྷརྨཱ་སོགས་ཚིགས་བཅད་ཀྱིས། །སངས་རྒྱས་གྲུབ་མཐའི་ཕྱག་རྒྱས་བཏབ། །ཅེས་སོ། །དེ་ཡང་ཡེ་དྷརྨཱ་སོགས་ནི་བོད་ཀྱི་སྐད་དུ། ཆོས་རྣམ་གང་དག་རྒྱུས་འབྱུང་དེ་དག་ནི། །རྒྱུ་དང་དེ་ལ་འགོག་པ་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་བྱ་བའོ། །

ཆོས་རྣམས་གང་དག་རྒྱུས་བྱུང་ཞེས་པ་ལ་གང་དག་ནི་རབ་ཏུ་གྲགས་པ་བདུན་པོ་རྣམས་ཏེ། མ་རིག་པ་ལ་སོགས་པའི་ལྕགས་སྒྲོག་གིས་ཀུན་ཏུ་བསྐོར་བའི་འཁོར་ལོ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་ནོ། །

དེ་དག་ནི་ཞེས་པ་ཉོན་མོངས་པ་དང་། ལས་དང་སྡུག་བསྔལ་གྱི་ཡན་ལག་གསུམ་དང་། གཉིས་དང་བདུན་གྱིས་ཕྱེ་བས་གསུམ་དུ་ཡང་གྱུར་པ་ཡིན་ཏེ། མ་རིག་པ་ཐོག་མ་ཡིན་པར་སངས་རྒྱས་ཉིད་ཀྱིས་གསུངས་པ་ཡིན་ནོ། །༡མ་རིག་པ་དང་། ༢འདུ་བྱེད་དང་། ༣རྣམ་པར་ཤེས་པ་དང་། ༤མིང་དང་གཟུགས་དང་། ༥སྐྱེ་མཆེད་དྲུག་དང་། ༦རེག་པ་དང་། ༧ཚོར་བ་དང་། ༨སྲེད་པ་དང་། ༩ལེན་པ་དང་། ༡༠སྲིད་པ་དང་། ༡༡སྐྱེ་བ་དང་། ༡༢རྒ་ཤི་སྟེ་བཅུ་གཉིས་པོ་རྣམས་སོ། །

མ་རིག་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བདག་ཉིད་ཅན་ནོ། །འདུ་བྱེད་ནི་སྔོན་གྱི་ལས་སོ། །རྣམ་པར་ཤེས་པ་ནི་མངལ་དུ་འཇུག་པའོ། །མིང་དང་གཟུགས་ནི་ནུར་ནུར་པོ་ལ་སོགས་པ་ལྔའོ། །སྐྱེ་མཆེད་དྲུག་ནི་མིག་ལ་སོགས་པ་ལ་འདོད་དོ། །རེག་པ་ནི་ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་རྣམས་ཕྲད་པའོ། །ཚོར་བ་ནི་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ནོ། །སྲེད་པ་ནི་འཁྲིག་པའིའདོད་ཆགས་སོ། །ལེན་པ་ནི་འདོད་པའི་ཡུལ་ལེན་པའོ། །སྲིད་པ་ནི་འབྱུང་བར་འགྱུར་བའི་སྲིད་པའི་འབྲས་བུ་ཅན་གྱིས་ལས་སོ། །སྐྱེ་བ་ནི་སླར་ཡང་ཕུང་པོ་ཉིང་མཚམས་སྦྱོར་བའོ། །རྒ་ཤི་ནི་གསལ་ལོ། །

དང་པོ་དང་། བརྒྱད་པ་དང་། དགུ་པ་རྣམས་ནི་ཉོན་མོངས་པའོ། །ལས་ནི་གཉིས་པ་དང་། བཅུ་པའོ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །དེ་གསུམ་གྱིས་བསྡུས་པའི་ཕྱིར་བཅུ་གཉིས་ནི་ཆོས་རྣམས་སོ། །གསུམ་ལས་གསུམ་དང་གཉིས་ལས་གཉིས་འབྱུང་ལ། བདུན་ལས་བདུན་ཡིན་པའི་ཕྱིར། དེ་ཁོ་ན་འཁོར་བའི་འཁོར་ལོ་རྒྱུ་དང་འབྲས་བུ་ཡང་སྟེ། འགྲོ་བ་ཐམས་ཅད་དེ།  འདིར་སེམས་ཅན་གཞན་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། སྟོང་པ་འོད་ཟེར་ལྟར་ཆོས་རྣམས་ལས་སྟོང་པའི་ཆོས་རྣམས་འབྱུང་བར་འགྱུར་ཏེ། ཁ་ཏོན་དང་། མར་མེ་ལྟ་བུ་དག་ནི་རྒྱུ་ལས་བྱུང་བའི་དོན་དུའོ། །

རྒྱུ་དང་དེ་རྣམས་ཀྱི་ཡང་དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ་ཞེས་པ་ནི། དེ་ཇི་ལྟར་ཐུགས་སུ་ཆུད་པ་དེ་བཞིན་དུ་གསུངས་པའི་ཕྱིར་ཏེ། གཞན་མ་ཡིན་པར་གསུང་བ་ཉིད་ཀྱི་ཕྱིར་འཁོར་བའི་རྒྱུ་དང་རྐྱེན་གསུངས་པ་ཡིན་ནོ། །དེ་ལ་འགོག་གང་ཡིན་པའང་། །ཞེས་བྱ་བ་ལ། འང་གི་སྒྲ་ལས་དེ་ཁོ་ན་རྒྱུ་དང་བསམས་པར་གསུངས་པ་ཡིན་གྱི། སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ཡན་ལག་བཅུ་གཉིས་འགོག་པའི་མཚན་ཉིད་ཀྱང་གསུངས་པ་ཡིན་ཏེ། ཟུང་འཇུག་པའི་བདེ་བ་བརྟགས་པ་ནམ་མཁའི་མེ་ཏོག་མ་ཡིན་ཞིང་སེམས་མེད་པ་བེམས་པོ་མ་ཡིན་པའི་རང་བཞིན་ནོ། །

དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་བྱ་བ་ནི་ཟུང་དུ་འཇུག་པ་གསུང་བའི་ཚུལ་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། ཕྱིན་ཅི་མ་ལོག་པར་གསུང་བའི་ཚུལ་ཅན་གྱི་ཚངས་པའི་ཆོ་གའོ། །འདི་ན་སློབ་དཔོན་རྟག་པའི་རྡོ་རྗེས་གསུངས་པ་གཞོན་ནུས་བསྒྱུར་བའོ། །       ། །

ཡེ་ནི་གང༌། དྷརྨཱ་ཆོས་རྣམས། ཧེ་ཏུ་རྒྱུ། པྲ་བྷ་ཝཱ་རབ་ཏུ་བྱུང་བ་སྟེ། རྐང་པར་བསྡེབས་པས། གང་གི་ཆོས་རྣམས་རྒྱུ་ལས་རབ་ཏུ་བྱུང༌། །ཧེ་ཏུན་རྒྱུ། ཏེ་ཥཱན་དེ་རྣམས། ཏ་ཐཱ་ག་ཏོ་དེ་བཞིན་གཤེགས་པ། ཧི་ངེས་གཟུང༌། ཨ་བ་དཏ་གསུངས་ཞེས་པ་སྟེ། གོང་གི་ཧི་དང་མཚམས་སྦྱར་བས་ཧྱ་ཞེས་པ་སྟེ། དེ་རྒྱུ་རྣམས་ནི་དེ་བཞིན་གཤེགས་པས་གསུངས། ཏེ་ཥཱཉ་དེ་རྣམས། ཙ་ཀྱང༌། ཡོ་གང༌། ནི་རོ་དྷ་འགོག་པ། ཨེ་ཝཾ་བསྒྱུར་ན་འདི་སྐད་དེ། དེ་རྣམས་ཀྱང་གང་འགོག་པ་ཨེ་ཝཾ་དུ། ཝཱ་དཱི་སྨྲ་བ་པོ། མ་ཧཱ་ཤྲ་མ་ཎཿ དགེ་སྦྱོང་ཆེན་པོ་སྟེ། སྨྲ་བ་པོ་ནི་དགེ་སྦྱོང་ཆེན་པོ་ཡིན། །ཞེས་འབྱུང་ངོ༌། །

བྱམས་པས་དམ་བཅས་པའི་སྔགས་དོན།

བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བ་འདྲེན་མཛད་པའི། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝཱ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་ཛི་ཏེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། ཨ་ཛི་ཏེན་ཛ་ཡ། ཧ་ར་ཧར། མཻ་ཏྲི་ཨ་ཝ་ལོ་ཀི་ཏེ། ཀ་ར་ཀ་ར། མ་ཧཱ་ས་མ་ཡ་སིདྡྷི། བྷ་ར་བྷ་ར། མ་ཧཱ་བོ་དྷི་མཎྜ་བཱི་ཛེ། སྨ་ར་སྨ་ར། ཨསྨ་ཀཾ་ས་མ་ཡ། བོ་དྷི་བོ་དྷི། མ་ཧཱ་བོ་དྷི་སྭཱ་ཧཱ། ཨོཾ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ།

བྱམས་པས་དམ་བཅའ་བའི་གཟུངས་ཀྱི་སྔགས་དོན་ནི། ན་མོ་རཏྣ་ཏྲ་ཡ་ཡ་ནི། ཕྱག་འཚལ་ལོ་དཀོན་མཆོག་གསུམ་ལ། ན་མོ་ནི། ཕྱག་འཚལ་ལོ། །བྷ་ག་ཝ་ཏེ་ནི། བཅོམ་ལྡན་འདས། ཤཱཀྱ་མུ་ནེ་ཡེ་ནི། ཤཱཀྱ་ཐུབ་པ། ཏ་ཐཱ་གཱ་ཏ་ཡ་ནི། དེ་བཞིན་གཤེགས་པ། ཨརྷ་ཏེ་ནི། དགྲ་བཅོམ་པ། སམྱཀྶཾ་ནི། ཡང་དག་པར་རྫོགས་པ། བུདྡྷཱ་ཡ་ནི། སངས་རྒྱས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ནི། འདི་ལྟ་སྟེ། ཨོཾ་ནི། འགོ་འདྲེན། ཨ་ཛི་ཏེ་ཨ་ཛི་ཏེ་ནི། མི་ཕམ་པ་མི་ཕམ་པ། ཨ་པ་ར་ཛི་ཏེ་ནི། གཞན་གྱིས་མི་ཐུབ་པ། ཨ་ཛི་ནི། མི་ཕམ་པ། ཏན་ཛ་ཡ་ནི། རྒྱལ་བ། ཧ་ར་ཧ་ར་ནི། འཕྲོག་འཕྲོག །མཻ་ཏྲི་ནི། བྱམས་པ། ཨ་བ་ལོ་ཀི་ཏེ་ནི། ཀུན་ནས་གཟིགས་པ། ཀ་ར་ཀ་ར་ནི། མཛད་མཛད། མ་ཧཱ་ས་མ་ཡ་ནི། དམ་ཚིག་ཆེན་པོ། སིདྡྷི་ནི། དངོས་གྲུབ། བྷ་ར་བྷ་ར་ནི། རྒྱས་རྒྱས། མ་ཧཱ་བོ་དྷི་ནི། བྱང་ཆུབ་ཆེན་པོ། མཎྜ་ནི། སྙིང་པོ། བི་ཛེ་ནི། ས་བོན། སྨ་ར་སྨ་ར་ནི། དྲན་པ་དྲན་པ། ཨསྨ་ཀཾ་ནི། བདག་ཅག །ས་མ་ཡ་ནི། མཉམ་པའམ་དམ་ཚིག །བོ་དྷི་བོ་དྷི་ནི། བྱང་ཆུབ་བྱང་ཆུབ། མ་ཧཱ་བོ་དྷི་ནི། བྱང་ཆུབ་ཆེན་པོ། སྭཱ་ཧཱ་ནི། གཞི་ཚུགས་པའམ་ལེགས་པར་སྦྱིན། ཨོཾ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱ་ཧཱ། ཅེས་སྙིང་པོ་དང་། ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ། མོ་ཧི་ནི། རྨོངས་པ། སྭཱ་ཧཱ་ནི། ཉེ་བར་ཞི་བ། རྨོངས་པ་ཆེན་པོ་ཉེ་བར་ཞི་བའོ། །

གཟུངས་འདིའི་ཕན་ཡོན་ནི། གཟུངས་འདིའི་ཚིག་ཉན་པ་དང་། ཀློག་པ་དང་། བྲིས་པ་དང་། ཁ་ཏོན་བྱེད་པ་དང་། དོན་ཡིད་ལ་སེམས་ཤིང་སྒོམ་པར་བྱེད་པ་དང་། ཐ་ན་བྱ་དང་རི་དྭགས་སོགས་དུད་འགྲོ་ཡན་ཆད་ཀྱི་རྣ་བར་ཐོས་པས་ངན་སོང་དུ་མི་སྐྱེ་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་མངོན་མཐོ་བཞི་དང་ལྡན་པ་དང་། ངེས་ལེགས་ཀྱི་ལམ་འཐོབ་པ་སོགས་དང་། ཁྱད་པར་དུ་བྱམས་མགོན་ཉིད་ཀྱིས་གནས་སྐབས་སུ་མི་རྒུད་པར་མཛད་ཅིང་། སངས་རྒྱས་ཀྱི་མཛད་པ་སྟོན་པའི་ཚེ་དེ་དག་དམྱལ་བ་ན་གནས་ཡོད་ནའང་ངེས་པར་བཙལ་ཏེ་བྱང་ཆུབ་མཆོག་ཏུ་ལུང་སྟོན་པར་གསུངས། རང་ཅག་རྣམས་རྣམ་འདྲེན་བཞི་པའི་བསྟན་པ་དང་མཇལ་བཞིན་པའི་སྐབས་འདིར་རྣམ་འདྲེན་ལྔ་པའི་བསྟན་པ་དང་མཇལ་ཐུབ་པའི་ཐབས་ཟབ་མོ་དེ་ལྟ་བུ་སོགས་ལ་འབད་ན། ནམ་ཞིག་མི་ལོ་དུང་ཕྱུར་ཞེ་ལྔ་ཙམ་གྱི་ཚེ་རྡོ་རྗེ་གདན་གྱི་རི་བོའི་སྤོར་བྱམས་མགོན་ཉིན་བྱེད་ཀྱི་ཆོས་ཀྱི་ཉི་མ་ཤར་པ་ན་དེའི་བསྟན་པ་ལ་ཞུགས་ནས་ཞུམ་པ་མེད་པར་སློབ་པའི་སྲས་ཀྱི་ཐུ་བོར་འགྱུར་པའི་རྟེན་འབྲེལ་བཟང་པོ་ཡིན་པ་གོར་མ་ཆག་གོ །སྐྱབས་སུ་མཆི། མི་ལོ་དུང་ཕྱུར་ཞེ་ལྔ་ཙམ་གྱི་མཇུག་ལ་བྱམས་མགོན་ཕེབས་པར་ཞྭ་དམར་ལམ་རིམ་ལས་གསུངས།

འབྲས་སྒོ་མང་མཁན་ཟུར་ངག་དབང་ཉི་མའི་གསུང་ལས་དྲངས།

རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲེ་པྲ་ཏི་ཛྙཱེ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝཱ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་ཛི་ཏེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། ཨ་ཛི་ཏེན་ཛ་ཡ། ཧ་ར་ཧར། མཻ་ཏྲི་ཨ་ཝ་ལོ་ཀི་ཏེ། ཀ་ར་ཀ་ར། མ་ཧཱ་ས་མ་ཡ་སིདྡྷི། བྷ་ར་བྷ་ར། མ་ཧཱ་བོ་དྷི་མཎྜ་བཱི་ཛེ། སྨ་ར་སྨ་ར། ཨསྨ་ཀཾ་ས་མ་ཡ། བོ་དྷི་བོ་དྷི། མ་ཧཱ་བོ་དྷི་སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱ་ཧཱ། སྙིང་པོའོ། །ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །

གང་གཟུངས་འདི་ཉན་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པར་བྱེད་ན་གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ན། བདག་གིས་སེམས་ཅད་དེ་ངེས་པར་བཙལ་བར་བགྱིས་ཏེ་དམྱལ་བ་ན་གནས་ཀྱང་ངེས་པར་བཏོན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་རི་དྭགས་དང་བྱ་རྣམས་ཀྱི་རྣ་ལམ་དུ་སྒྲོག་པར་བྱེད་ན། དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་བོ། །འདི་ཐོས་པ་ཙམ་གྱིས་ནམ་དུ་ཡང་ངན་སོང་དུ་སྐྱེ་བར་མི་འགྱུར་རོ། །ངན་སོང་གི་དྲི་མས་མི་གོས་སོ། །མའི་མངལ་དུ་ཡང་མི་སྐྱེའོ། །ལྷའི་བསྐལ་པ་སྟོང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་རོ། །ཇི་ལྟར་བསམ་ཞིང་དོན་དུ་གཉེར་བའི་ལོངས་སྤྱོད་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་ནམ་དུ་ཡང་སེམས་ཅན་དེ་རྒུད་པར་མི་བགྱིད་ལགས་སོ། །ངེས་པར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ནས། དེ་ཇི་ལྟར་གྱུར་ཀྱང་རུང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །        ། །

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)