རྒྱུད་སྨད་མཚམས་ཁང་།

དེ་སྔོན་རྗེ་བདག་ཉིད་ཆེན་པོས་གསང་བ་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས་པ་ཞལ་གཟིགས་བྱུང་སའི་གནས། ཕྱིར་མིག་ལུང་དུ་དབྱར་གནས་ཀྱི་ནང་དུ་གནས་དེར་ས་ཕུག་ཆུང་ངུ་རེའི་ནང་དུ་རྒྱུད་གྲྭ་རྣམས་བསྙེན་མཚམས་ལ་བཞུགས་ཏེ་རྫོགས་རིམ་སྒོམ་པར་གསུངས་ཤིང་། [ ཕྱིར་མིག་ལུང་གི་ཆོས་ཐོག་ནང་དུ་གསང་བ་འདུས་པའི་བསྐྱེད་རིམ་གྱི་ཁྲིད་དང་བསྐྱེད་རིམ་སྒོམ་པར་གསུངས་ལ། ]

དེ་ཡང་བོད་ཟླ་བདུན་པའི་ཚེས་ཉེར་གཅིག་ནས་ཕྱིར་མིག་ལུང་གི་ཆོས་ཐོག་གི་བསླབ་གྲལ་ནས་འཆད་ཉན་རྒྱུད་འགྲེལ་དང་། ཊཱིཀྐ། གསང་འདུས་བསྐྱེད་རིམ། སྔར་གྱི་འཕྲོ་ནས་ཕེབས་དགོས་པ་དང་གནས་འདིར་མཇུག་བསྒྲིལ་བ་དགོས་ཤིང་། འདིའི་སྐབས་བདེ་མཆོག་གི་རྩ་རྒྱུད། སྔར་གྱི་འཕྲོ་ནས་ཕེབས་དགོས་པ་དང་། འདིའི་སྐབས་བདེ་མཆོག་གི་རྩ་རྒྱུད། རྒྱུད་འགྲེལ་སྦས་དོན་ཀུན་གསལ་ས་བཅད་བསྡུས་དོན་དང་བཅས་པ་འཆད་དགོས། ཕྱིར་མིག་ལུང་གི་ཆོས་ཐོག་གི་བསླབ་གྲལ་ཉིན་གསང་འདུས་ལྷ་གྲངས་དང་མཚུངས་པ་དབྱར་ཆོས་འཁོར་ཟིན་གྱི་རྒྱུད་གྲྭ་སོ་གཉིས། ཁྲིད་ཁང་ཞེས་ཟུར་དུ་བཅད་རྒྱའི་ཁང་ཤིན་ཏུ་དབེན་པ་མི་རེ་ཚུད་ཙམ་གྱི་ཁང་ཆུང་སོ་གཉིས་ཕྱིར་བསྐོར་དང་བཅས་ཡོད་པ། རྒན་རིམ་ནས་མི་རེས་ཁང་ཆུང་རེ་བཟུང་ནས་ཟླ་བ་ཕྱི་མའི་ཚེས་ ༢༢ བར་བསྙེན་མཚམས་བཞུགས་དགོས། དེའི་སྐབས་མཁན་པོས་རིམ་ལྔའི་དམར་ཁྲིད་བརྩི་བཞག་གནང་བར་ཕེབས་པ་མ་གཏོགས་གཞན་སུ་ཡང་འགྲོ་བསྐྱོད་མི་ཆོག་པ་དང་། གལ་ཏེ་མཚམས་ཀྱི་ནང་དུ་སྐུ་གཤེགས་པ་ལྟ་བུ་བྱུང་ཚེ། ས་ཕུག་གི་སྒོ་འདག་སྦྱར་བྱས་ཏེ་འཇོག་པའི་ལུགས་སྲོལ་ཡོད་པ་དང་། བོད་ཟླ་ ༨ ཚེས་ ༢༢ ཉིན་ལོ་འདིའི་འགྲེལ་པ་ཞུ་བ་པོ་རྣམས་དང་། ཁྲིད་ཁང་པ་སོ་གཉིས་བཅས་ནས་གྲྭ་ཚང་གི་སྟེང་དུ་མཁན་རིན་པོ་ཆེའི་མདུན་ནས་རྫོགས་རིམ་མན་ངག་ཁྲིད་ཆེན་བརྒྱད་ཅེས་བྱ་བ་ཞུས་ནས། མཇུག་ཏུ་བླ་མ་རྒྱུད་མཆོད་གཏང་རག་གི་ཚོགས་འཁོར་དང་བཅས་པ་འབུལ་དགོས། ཕྱི་མིག་ལུང་ཁྲིད་ཁང་པའི་བླ་མ་རྒྱུད་མཆོད་སྐབས་མན་ངག་རྡོ་ལག་བརྒྱུད་རྫོགས་རིམ་ཁྲིད་ཆེན་བརྒྱད་ཅེས་བྱ་བའི་ལུང་གསུང་དགོས། [ དེ་ཡང་གསང་འདུས་ལུགས་གཉིས། བདེ་མཆོག་ལཱུ་དྲིལ་གཉིས། འཇིགས་བྱེད་རྫོགས་རིམ་རྣལ་འབྱོར་བཞི། ཕྱག་རྡོར་འཁོར་ཆེན་གྱི་རྫོགས་རིམ། དུས་འཁོར་སྦྱོར་དྲུག །ནྭ་རོ་ཆོས་དྲུག་བཅས་ཡིན། ]

ཁྲིད་ཁང་པའི་བླ་མ་རྒྱུད་མཆོད་སྐབས་ཁྲིད་ཁང་པ་རྣམས་ཀྱིས་སྒྱུ་ལུས་དང་འོད་གསལ་གྱི་བསྟོད་པ་ཡང་གསུང་དགོས། ཕྱིར་མིག་ལུང་དུ་དབྱར་ཆོས་ཀྱི་རྒྱུད་འགྲེལ་གྱི་འཆད་ཉན་ཟིན་པའི་གཏང་རག་གི་བླ་མ་རྒྱུད་མཆོད་སྐབས་མཎྜལ་ཕུལ་རྗེས། ཨེ་མའོ་སངས་རྒྱས་ཨེ་མ་འོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ལན་གསུམ་གསུངས་པ་དང་། དེ་ནས་རྒྱུད་གཏད་པའི་ཚུལ་ནི། རྡོར་སློབ་ཀྱིས་རྒྱུད་འགྲེལ་ཕྱག་ཏུ་བཞེས་ཏེ། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་འདི་ཟུངས་ཤིག་ཅེས་བཀའ་བསྒོས་ཏེ། རྡོ་རྗེ་སློབ་མ་རྣམས་ཀྱིས་ཀྱང་རྡོ་རྗེ་འཆང་དངོས་ཀྱིས་བཀའ་བསྒོ་བར་མོས་ནས། ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་དེ་བཞིན་དུ་བགྱིའོ་ཞེས་ཁས་ལེན་གནང་བ་ཡིན།

དེ་ལྟར་ཕྱིར་མིག་ལུང་གི་ཁྲིད་ཁང་དུ་སྒོམ་བསྙེན་སྒྲུབ་ལ་བཞུགས་པའི་སྲོལ་དེ་མི་ནུབ་པའི་ཆེད་དུ། བྱེས་སུ་སླེབས་ནས་ཐོག་མའི་སྐབས་སུ་སོ་སོའི་ཤག་ཏུ་མཚམས་བསྙེན་སྒྲུབ་ལ་གཞོལ་བ་དང་། ཕྱིས་སུ་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་སུ་གནས་སྤོར་བྱས་རྗེས་བདུན་ཅུ་དོན་གྲངས་ནས་དགུ་བཅུའི་བར་དུ། ཕྱོགས་བཞི་ལ་ཐོག་མའི་ཆར་གསང་ཁང་དུ་དམིགས་ཏེ་གསང་ཁང་བཞི་གསར་རྒྱག་བྱས་ཡོད་པ་དག་གསང་ཁང་དུ་མ་སྤྱད་པར་མིའི་སྡོད་ས་བཟོས་ཤིང་། དེ་ནང་གི་གཅིག་མི་གྲངས་བཞིའི་སྡོད་ས་བཟོས་ཏེ་མཚམས་བསྙེན་སྒྲུབ་བྱེད་ས་སྟེ་མཚམས་ཁང་དུ་བྱས་ཡོད་ལ། དེར་རྒྱུད་གྲྭ་རྒན་པ་རྒན་འཆི་མེད་སོགས་ཀྱིས་བསྙེན་ཆེན་ཡང་བཏང་གནང་ཡོད། ཆིག་སྟོང་དགུ་བརྒྱ་དགུ་བཅུའི་ལོར་གྲྭ་ཚང་གི་འདུ་ཁང་གསར་བཞེངས་དང་ལྷན་དུ་མཚམས་ཁང་གསར་བཞེངས་དང་དེར་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པའི་མཚམས་པ་སུམ་ཅུ་སོ་གཉིས་ཀྱི་ཆེད་ཁང་མིག་སོ་གཉིས་གསར་བསྐྲུན་གནང་སྟེ། སྔོན་མའི་ལུགས་སྲོལ་བཟང་པོ་རྒྱུན་བསྐྱངས་ཡོད་པ་དང་། ༢༠༡༦ ནས་འགོ་བཙུགས་ཏེ་ད་ལྟའི་མཚམས་ཁང་གསར་རྒྱག་གནང་ཞིང་། དེའི་དབུ་འབྱེད་མཛད་སྒོ་ཡང་ ༧གོང་ས་མཆོག་གིས་གནང་བ་ཡིན་ལ། མཚམས་ཁང་གསར་པ་དབུ་འབྱེད་གནང་བ་ནས། བོད་ཀྱི་ཁྲིད་ཁང་གི་རྒྱུན་སྲོལ་མ་ཉམས་པར་བསྐྱངས་མུས་དང་། བདུན་ཅུ་དོན་གྲངས་ནས་མཚམས་ཁང་གསར་སྐྲུན་ནས་བཟུང་ད་ལྟའི་བར་ལོ་ངོ་བཞི་བཅུ་ལྷག་ལ་བསྙེན་ཆེན་གཏོང་མཁན་རྒྱུན་མ་ཆད་པར་བྱུང་ཡོད་ལ། མང་བའི་སྐབས་སུ་བཅུ་གཉིས་བཅུ་གསུམ་རེ་བྱུང་ཡོད་པ་དང་། ཉུང་མཐའ་ཡང་ལྔ་དྲུག་རེ་བསྙེན་ཆེན་ལ་བཞུགས་མུས་ཡིན་ཞིང་། ལོ་མཇུག་ལ་གདན་ས་ཁག་ནས་ཆོས་ཐོག་ཏུ་ཕེབས་པའི་དགེ་བཤེས་རྣམ་པ་ལོ་གཅིག་གི་ཆོས་ཐོག་ཚར་ཏེ་མཚམས་ཁང་ནང་དུ་ལས་རུང་གཏོང་མཁན་མང་ཞིང་།ལོ་རེར་ཁང་པ་མི་ཐོབ་པའི་ཚོད་དུ་ཡོད་དོ། །

མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཕན་བདེ་མཆོག་མཁན་པོ་ལས་ཐོག་སྐབས། བླ་མ་སྤྱན་རས་གཟིགས་ཀྱིས་ལམ་སྟོན་བཀའ་སློབ་སྔ་ཕྱི་རིམ་ཕེབས་ལྟར། སྐབས་དེའི་གྲྭ་ཚང་ཕྱག་མཛོད་རྣམ་པ་དང་གྲོས་བསྡུར་གྱིས་བསྐྱེད་རིམ་པ་སྔགས་རམས་ཐོན་རིམ་བཞིན་ལོ་ལྟར་ཕྱིར་མིག་ལུང་ཆོས་ཐོག་རིང་། ལམ་རིམ་བསྐྱེད་རྫོགས་སོགས་ཀྱི་སྒོམ་སྒྲུབ་ཀྱིས་མཚམས་ལ་བཞུགས་དགོས་པའི་སྤྱི་མོས་སྒྲིག་གཞི་གཏན་འབེབས་གནང་བ་ལྟར་མཚམས་ཁང་དུ་དེ་ལྟར་གནང་མུས་སུ་ཡོད།

 

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)