སྔོན་ཆད་གྲྭ་ཚང་དུ་དཔེ་མཛོད་ཁང་ངམ་དཔེ་ཆ་གཡར་ས་ལྟ་བུར་འདུ་ཁང་རྙིང་པའི་ཟུར་དུ་འཆད་ཉན་སོགས་ཀྱི་སྐབས་སུ་མཁོ་བའི་གཞུང་གི་གླེགས་བམ་རྣམས་བསྡུ་སྒྲིག་གིས་བདག་གཉེར་གནང་སྟེ། ཆོས་ཐོག་ལ་ཕེབས་པའི་དགེ་བཤེས་སོགས་ལ་གཡར་གནང་གི་ཡོད་ལ། རྗེས་སུ་འདུ་ཁང་གསར་བའི་གཡས་ཕྱོགས་ཀྱི་རྒྱབ་ཁང་དུ་རྒྱུད་འགྲེལ་སོགས་འཆད་ཉན་ལ་མཁོ་བའི་གླེགས་བམ་རྣམས་བདག་གཉེར་གནང་སྟེ།
ཆོས་ཐོག་ལ་ཕེབས་པའི་དགེ་བཤེས་སོགས་ལ་གཡར་གནང་གི་ཡོད་པ་ལས། སྐབས་ཤིག་ལ་གཞན་གྱི་སྐུལ་སློང་ལས་འདུ་ཁང་རྙིང་པ་དཔེ་མཛོད་ཁང་བྱས་ཏེ་གླེགས་བམ་མང་པོ་སྒྲིག་གཤོམ་གནང་སྟེ་ད་ལྟའི་བར་དུ་གནས་པ་དང་། སྐབས་དེར་ ༧ གོང་ས་ ༧ རྒྱལ་བའི་དབང་པོ་མཆོག་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱབས་སྐབས་དཔེ་མཛོད་ཁང་ལ་རབ་གནས་བྱིན་འབེབས་ཀྱང་གནང་ཡོད།
མཁན་པོའི་འཆད་ཉན་ལ་མཁོ་བའི་གླེགས་བམ་གཙོ་བྱས་པའི་གྲྭ་ཚང་གི་ཆོས་སྤྱོད་ཀྱི་དཔེ་ཆ་བཅུ་ཕྲག་ལྷག་ཡོད་པ་རྣམས་སྔོན་ཆད་ཤིང་པར་འཕྲུལ་པར་ཐོག་པར་བཤུས་བཏབ་པ་སོགས་ཡིན་པ་ལ། རྗེས་སུ་ཞུས་དག་སོགས་ཚད་ལྡན་གནང་སྟེ་དེང་གི་འཕྲུལ་པར་ཐོག་དཔེ་རིང་དུ་པར་སྐྲུན་དང་། ཟུར་དུ་དེང་གི་དེབ་གཟུགས་སུའང་པར་སྐྲུན་གང་མང་གནང་ཡོད། ལྷག་པར་དུ་ལོ་བཅུ་ཕྲག་གཉིས་ལྷག་ལ་རྒྱུད་གྲྭ་སྔགས་རམས་པ་རྒན་ཆོས་འཕེལ་གྱིས་རྩོམ་སྒྲིག་སོགས་ཀྱི་ཕྱག་ལས་རོགས་དན་གནང་བ་ལས། གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་ཡིག་ཆ་རྒྱུད་ཀྱི་ཊིཀྐཱ་དང་དམ་ཆོས་འགྲེལ་པ་བཞི་སྦྲགས། དེ་མིན་གྲྭ་ཚང་འདི་ཉིད་ཀྱི་སྒྲིག་ཡིག་ཆེན་མོ་སོགས་པར་སྐྲུན་གནང་ཞིང།གཞན་ཡང་གྲྭ་ཚང་སློབ་གཉེར་ཁང་གི་སློབ་དེབ་ཁག་དང། དེ་མིན་བོད་ཕྱི་ནང་ཀུན་ལ་སྨན་པའི་མདོ་སྔགས་ཀྱི་ཕྱག་དཔེ་འབོར་ཆེན་པར་དུ་བསྐྲུན་དང་སྐྲུན་བཞིན་པའོ། །དེང་ཡང་དགེ་རྒན་ཁོང་གིས་རོགས་དན་ལས་སྔགས་ཕྱོགས་ཀྱི་གླེགས་བམ་བཅུ་ཕྲག་དྲུག་ལྷག་རྩོམ་སྒྲིག་གནང་སྟེ་པར་སྐྲུན་གྱི་ཆེད་པར་སྐྲུན་ཁང་དུ་སྐྱེལ་ཡོད་པ་ལས། བཅུ་ཕྲག་གཅིག་ལྷག་པར་སྐྲུན་གནང་སྟེ་དཔེ་མཛོད་དུ་འབྱོར་ཡོད་པ་དང་། འཆད་ཉན་ལ་སྟབས་བདེའི་ཆེད་མཁན་པོའི་འཆད་ཉན་གྱི་གཞུང་ཆེན་པོ་ཏི་ལྔ་ལྷག་ས་བཅད་མཉམ་སྦྱར་གྱིས་རྩོམ་སྒྲིག་དང་པར་སྐྲུན་གྲ་སྒྲིག་གནང་མུས་དང་། གཞན་གྲྭ་ཚང་གི་ཆོ་ག་ཕྱག་ལེན་ནམ་གཏོར་དཔེ་སོགས་དང་། དཀྱིལ་འཁོར་སོགས་ཀྱི་པར་རིས་སོགས་རྩོམ་སྒྲིག་གིས་པར་སྐྲུན་ལ་གྲ་སྒྲིག་བྱེད་བཞིན་པའོ། །
༢༠༢༣ ལོར་བླ་མ་དབུ་མཛད་དགེ་བཤེས་ངག་དབང་སངས་རྒྱས་ཀྱི་སྐབས་སུ་ཁོང་གིས་དཔེ་མཛོད་ཀྱི་དགོས་མཁོ་དང་གལ་ཆེའི་རང་བཞིན་སོགས་བཀའ་སློབ་ལམ་སྟོན་གནང་བ་དང་། གྲྭ་ཚང་གི་ཕྱག་མཛོད་རྣམས་དང་བཀའ་བགྲོས་ཀྱིས། གྲྭ་ཚང་གི་དངུལ་གཉེར་གྱི་ཁོངས་ནས་རྒན་བློ་བཟང་ཡེ་ཤེས་དང་། རྒན་བཟོད་པ་གཉིས་དཔེ་མཛོད་འགན་འཛིན་དུ་བསྐོ་བཞག་གནང་ཞིང་། འདུ་ཁང་རྙིང་པ་བསྐྱར་གསོ་གནང་སྟེ་དཔེ་མཛོད་ཁང་དུ་གཏན་འབེབས་དང་། དཔེ་མཛོད་ཁང་གི་སྦུག་ཁང་དུ་སྔོན་ཆད་ནས་གསང་བདེ་འཇིགས་གསུམ་གྱི་དཀྱིལ་འཁོར་བློས་བསླངས་བཞུགས་ཡོད་པ་རང་བཞག་ཐོག །འོག་ཁང་དཔེ་ཀློག་ཁང་། བླུ་ཡོན་ཁང་། ཡིག་ཚང་། རྩོམ་སྒྲིག་ཁང་སོགས་གསར་སྐྲུན་གནང་ཡོད་པ་དང་། སྔོན་ཡོད་ཀྱི་དཔེ་ཆའི་སྟེང་དཔེ་ཆ་མང་པོ་གསར་བསྒྲིགས་སོགས་གནང་སྟེ། ད་ལོའི་སྤྱི་ཟླ་ ༥ ཚེས་ ༢༡ ལ་དཔེ་མཛོད་ཁང་དབུ་འབྱེད་སྟབས་བདེ་ཞིག་གནང་སྟེ། ད་ལྟ་སྟེང་ཐོག་གི་དཔེ་ཀློག་ཁང་དང་། སྒྲ་འཇུག་ཁང་གི་ལས་གཞི་མུ་མཐུད་དེ་འགྲོ་བཞིན་པ་དང་། གྲྭ་ཚང་གི་འདོན་ཆོ་ག་ཕྱག་ལེན་གཙོ་བྱས་པའི་དྲྭ་རྒྱའི་ལས་གཞི་ཞིག་ཀྱང་འགྲོ་མུས་སུ་ཡོད་དོ། །
དཔེ་མཛོད་སྦུག་ཁང་གི་བློས་བསླངས།
གསང་བ་འདུས་པའི་བློས་བསླང་གི་དཀར་ཆག
༄༅། །རྒྱལ་བ་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མེད་པའི་དཔལ་ལྡན་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ། །འདིར་དཔལ་གསང་བ་འདུས་པའི་བློས་བསླང་གི་དཀྱིལ་འཁོར་གྱི་དཀར་ཆག་རགས་བསྡུས་བཀོད་པར། དེ་ཡང་ལྷག་བསམ་འོ་མཚོ་གྱེན་དུ་འཕྱུར་པ་ཏྲེ་ཧོར་སྔགས་རམས་པ་ཚེ་རིང་དོན་གྲུབ་དང་། བློ་བཟང་ཡར་འཕེལ་ཟུང་ནས་རྒྱུ་ཆ་སོགས་སྦྱིན་བདག་ཁུར་བླངས་ནས་ ༧ གོང་ས་མཆོད་ཡོན་རྣམ་གསུམ་དང་། ལྷག་པར་ ༧ སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་གི་ཞབས་རིམ་སྐུ་ཚེ་ཚེ་སྒྲུབ་ལ་དམིགས། དཔལ་གསང་བ་འདུས་པའི་བློས་བསླང་གི་གཞལ་ཡས་ཁང་ཞིག་གསར་བསྐྲུན་གྱིས་གྲྭ་ཚང་ལ་སྦྱོར་འཇགས་འཇོག་རྒྱུའི་བློ་མོས་རིང་ནས་ཡོད་པ་བཞིན་། སྤྱི་ལོ་ ༡༩༧༥ ཟླ་བཞི་པའི་ཚེས་ཤར་ནས་རྒྱུ་ཆ་འདུ་འགོད་ཚགས་ཚུད་ཐོག་ལས་མི་མཐོང་བརྒྱུད་ཕྱག་ལེན་བཞིན་རྡུལ་ཚོན་དང་། བསླང་ཆ་སོགས་འབྲི་བ་དང་། བཟོ་བའི་ལས་ལ་མཁས་པའི་རྩེ་མོར་སོན་པ་ཚ་བ་སྔགས་རམས་པ་ཚུལ་ཁྲིམས་དོན་ལྡན། ཏྲེ་ཧོར་སྔགས་རམས་པ་བློ་བཟང་སྐལ་ལྡན། ཏྲེ་ཧོར་སྔགས་རམས་པ་བྱམས་པ་སྐལ་བཟང་། ཚ་བ་སྔགས་རམས་པ་པདྨ་རྡོ་རྗེ། སྦེལ་ཀོབ་ཀོང་པོ་ཤིང་བཟོ་ཆེན་མོ་བཅས་ནས་ལས་གྲྭ་དབུ་ཚུགས་ནས་གཞལ་ཡས་ཁང་གི་མཚན་མ་སོ་གཉིས་དང་། ཕྱོགས་བཞིའི་མཆོད་ལྷ་བཅུ་དྲུག་དང་། གྲུབ་ཐོབ་བརྒྱད། བུམ་པ་བརྒྱད། རྡོ་རྗེ་དང་པདྨ། མེ་རྭ་སོགས་ཕལ་ཆེ་བ་དྲི་བཟང་པོའི་ངད་དང་ལྡན་པའི་ཙན་དན་དཀར་དམར་ལས་གྲུབ་པ་དང་། སྟེགས་བུ་དང་། སྣ་ཚོགས་རྡོ་རྗེ། ཕོ་བྲང་ནང་མའི་གའུ་ཟླུམ་པོ། རྟ་བབས་ཀྱི་སྣམ་བུ་དང་། ཐེམ་སྐས། དཔག་བསམ་གྱི་ཤིང་བརྒྱད། ཕྱི་ནང་གི་ཀ་བ་སོགས་དྲི་བསུང་འཕྲོ་བའི་ཨ་ཀ་རུ་ལས་བགྱིས་པ། མུ་རྫུ་ན་དང་། ཨེ་མ་ཁྲ་སིལ་སོགས་ཀྱི་དྲ་བ་དྲ་ཕྱེད། ཆོས་འཁོར་དང་། རི་དྭགས་ཕོ་མོ། རྒྱལ་སྲིད་སྣ་བདུན། སྤྲིན་གྱི་གསེབ་ནས་ལྷ་མེ་ཏོག་གི་ཕྲེང་བ་བཟུང་བ་དང་། ཕྱོགས་བཞིའི་བ་དན་དང་རྒྱལ་མཚན། གདུགས་སོགས་དངུལ་རྐྱང་ལས་གྲུབ་པ་མཛེས་སྤྲོས་བཟོ་བཀོད་ཡིད་དུ་འོང་བ་གཞལ་ཡས་ཁང་གི་ཆ་ཚད། ཐིག་ཚད་རྣམས་འཁྲུལ་བྲལ་གྱི་གཞུང་དང་། མཐོང་བརྒྱུད་ཕྱག་བཞེས་གཞིར་བཟུང་། ཅུང་ཟད་དོགས་གཅོད་ཡོད་པ་རྣམས་ ༧ སྐྱབས་མཆོག་རྡོ་རྗེ་འཆང་ལ་ཐོག་མཐའ་བར་གསུམ་དུ་བཀའ་འདྲི་ཡང་ཡང་ཞུས་ནས་རུ་ངར་བགྱིས་པ་དང་། ཚོན་གསོལ་ལེགས་གྲུབ་ཀྱིས་མདོར་ན་བཟོ་བཀོད་རྒྱན་སྤྲོས་དད་པའི་མིག་རྒྱན་འདྲེན་བྱེད་བལྟ་བས་ཆོག་མི་ཤེས་པ་འདི་བཞིན་ ༡༩༧༦ ཟླ་བ་བཞི་པའི་ཚེས་ལ་རྫོགས་པར་གྲུབ་པ་འདིའོ། །སྨྲས་པ། འབད་པ་དུ་མས་སོར་རྩེའི་འཕྲུལ་འཁོར་ལས། །ཐར་པ་མཆོག་གི་ཕོ་བྲང་མཆོག་འདི་སྒྲུབ། །འདི་ལྟར་བགྱིས་པའི་ལེགས་བྱས་ཟླ་ཟེར་འབུམ། །གཅིག་ཏུ་དཀར་བ་གང་ཞིག་བསགས་པ་དེས། །ས་གསུམ་སྣང་བའི་བདག་པོ་གངས་ཅན་མགོན། །མགོན་དེའི་རིགས་བདག་རྡོ་རྗེ་འཆང་ཟུང་གི །ཞབས་ཟུང་མི་གཡོ་ལྷུན་པོ་མཆོག་ཏུ་བརྟན། །བཞེད་དོན་ཡོངས་འདུའི་ཚལ་མཆོག་འཕེལ་གྱུར་ཅིག །རྒྱུ་སྦྱོར་ཉིད་ཀྱང་བློ་རིག་བཟང་པོ་ཡི། །ཡོན་ཏན་ཡར་གྱི་ངོ་ལྟར་འཕེལ་གྱུར་ཏེ། །ཚེ་དང་སྐྱེ་བ་རིང་པོར་འབད་མེད་པར། །དོན་གཞིས་ལྷུན་འགྲུབ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་གོང་གསལ་ཟུང་གི་འདུན་མོས་ལྟར་དཀར་ཆག་དང་སྨོན་ཚིག་བཅས་རྒྱུད་སྨད་མཁན་པོ་བློ་བཟང་ཉི་མས་ [ ཞིང་གཤེགས་དམ་པ་ཁྲི་ཟུར་བརྒྱ་བ་ཞལ་སྔ་ནས། ] བྲིས་པའོ། །
འཁོར་ལོ་སྡོམ་པ་བདེ་མཆོག་གི་བློས་བསླང་གི་དཀར་ཆག །
༄༅། །ཟག་བྲལ་བདེ་ཆེན་མ་དྲོས་མཚོ་ཀློང་ན། །མཐའ་བྲལ་སྟོང་པའི་ཀླུ་དབང་གདེངས་ཀ་རྒྱས། །འཛིན་བྲལ་སེམས་བསྐྱེད་པདྨོ་མངོན་བཞད་པའི། །སྒྲིབ་བྲལ་ཧེ་རུ་ཀ་དེར་མཆོག་རབ་འདུད། །ཅེས་མཆོད་པར་བརྗོད་དེ། གླེང་བར་བྱ་བ་ནི། དཔལ་ལྡན་ཧེ་རུ་ཀའི་བློས་བསླང་གི་དཀྱིལ་འཁོར་སྐལ་ལྡན་ཡི་ག་འགུགས་པའི་ཁང་བཟང་མཐོང་བ་དོན་ལྡན་འདི་ཉིད་ཀྱི་བྱུང་བ་མདོ་ཙམ་སྨྲ་བ་སྟེ། དེ་ཡང་ནང་ཆོས་སྤྱི་དང་བྱེ་བྲག་གསང་སྔགས་ཀྱི་ཆོས་ཚུལ་ལ་མི་ཕྱེད་པའི་དད་པ་བརྟས་པ་ཉི་ཧོང་པ་ལྷ་རྗེ་ཏིད་སུ་ཤི་ཡ་མ་རྨོ་ཏོ་ཞེས་བྱ་བས་རྒྱུ་ཡོན་སྦྱར་ཏེ། ༧ རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་ཚེ་ཚེ་སྒྲུབ་དང་། ལྷ་མཆོག་འདི་ཉིད་ལ་བསྙེན་ཅིང་བསྟེན་པའི་སྐལ་ལྡན་གྱི་གདུལ་བྱ་དག་གི་ཉམས་བཞེས་ཀྱི་གསོས་སུ་སྨན་པ། འབྱུང་འགྱུར་གྲྭ་ཚང་འདི་ཉིད་ཀྱི་སློབ་གཉེར་བས་མཚོན་དོན་གཉེར་ཅན་རྣམས་ལ་མཛུབ་ཁྲིད་ཀྱི་ཚུལ་དུ་བསླབ་ཏུ་ཡོད་པ་སོགས་བསྟན་དོན་བྱ་རིམ་གལ་པོ་ཆེར་དམིགས་ཏེ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཞུང་གིས་གཙོ་འགན་བཞེས་ཤིང་། དཀྱིལ་འཁོར་བསྐྲུན་པའི་བྱ་བ་ལས་ཀྱི་འཁོར་ལོར་ཞུགས་པ་ནི། བཟོ་རིག་སྒྱུ་རྩལ་གྱི་ལམ་ལ་མངོན་པར་ཕྱོགས་པ་ཚ་བ་དགེ་སློང་དོན་ལྡན་ནོར་བུ་དང་། ཚ་བ་དགེ་སློང་དབང་ཕྱུག །ཚ་བ་དགེ་སློང་བློ་བཟང་དོན་ལྡན་བཅས་ནས་ངལ་བ་དུ་མ་དང་དུ་བླངས་ཏེ་གསར་བཞེངས་བགྱིས་པ་འདི་ནི་རྒྱུད་རྒྱ་གཞུང་སྤྱི་དང་། བྱེ་བྲག་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་དགོངས་པར་གནས་ཤིང་། གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་མན་ངག་དག་ཀྱང་རྒྱུད་རྒན་ཚད་ལྡན་གྱི་ཞལ་ནས་བུམ་པ་གང་བྱོའི་ཚུལ་དུ་བླངས། མཁས་པའི་གསུང་སྒྲོས་ཅུང་མི་འདྲ་བ་རྣམས་ལས་རང་ལུགས་སོར་བཞག་བྱས་ཏེ་གཞལ་མེད་ཁང་རྟེན་དང་བརྟེན་པར་བཅས་པ་སྐུ་རྒྱུ་ཤིང་ཨ་ག་རུ་འབའ་ཞིག་ལས་གྲུབ་པ། མཐོང་ན་ཉམས་དགའ་ལ། བསྒོམ་ན་རིམ་པ་དང་པོའི་རྣལ་འབྱོར་བརྟན་ཅིང་གོང་འཕེལ་དུ་བྱེད་པའི་བརྗིད་ཉམས་མཛེས་སྡུག་གི་ཁྱད་ཆོས་ལྡན་པའི་དཀྱིལ་འཁོར་འདི་ཉིད་བོད་རྒྱལ་ལོ་ ༢༡༡༧ རབ་བྱུང་ ༡༧ པ། སྤྱི་ལོ་ ༡༩༩༠ སྤྱི་ཟླ་ ༧ པའི་ནང་ལས་ཀྱི་མཇུག་ཡོངས་སུ་རྫོགས་པར་བྱས་པའོ། །བདེ་མཆོག་བཤད་སྒྲུབ་ཉིན་བྱེད་ཆུ་ལྷའི་ངོས། །གཞར་ཡང་མི་ནུབ་ཆེས་ཆེར་རྒྱས་གྱུར་ཏེ། །ལས་ཀྱི་འདུ་བྱེད་རྒྱུ་སྦྱོར་ཡོན་བདག་སོགས། །འགྲོ་ཀུན་བདེ་མཆོག་གོ་འཕང་མྱུར་ཐོག་ཤོག །
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླང་གི་དཀར་ཆག །
༄༅། །ཡབ་གཅིག་བློ་གཏེར་བརྩེ་བས་བསྐྱོད་པའི་ལམ། །མི་སྡུག་བཞིན་ལག་གར་གྱིས་སྒྲུབ་པ་པོ། །ལྷག་པའི་ཁྱད་པར་ལྔ་ཡིས་རྗེས་བཟུང་བའི། །ལྷ་མཆོག་ཁྱོད་ཀྱིས་བདག་སོགས་འགྲོ་ཀུན་སྐྱོངས། །ཞེས་མཆོད་པར་བརྗོད་པའི་ལམ་ཡངས་པར་བྱས་ཏེ། གང་གླེང་བར་བྱ་བ་ནི། རྒྱལ་ཀུན་མཁྱེན་འདུས་འཇམ་དཔལ་གཤིན་རྗེ་གཤེད། །བཅུ་གསུམ་རྟེན་གྱི་དཀྱིལ་འཁོར་བློས་བསླང་ཆེ། །སྙིགས་ལྔའི་འཁྲུལ་མུན་བསལ་བའི་རྟ་བདུན་དབང་། །གཟུར་ནས་དད་དབང་འགུགས་པའི་ལྕགས་ཀྱུ་ཡིན། །ཀུན་རྫོབ་དཔེ་ཡི་བློས་བསླང་དཀྱིལ་འཁོར་འདི། །སྔོན་བསྐྲུན་དཔེ་ཙམ་ཕྱོགས་འདིར་དབེན་ནའང་། །ཚད་ལྡན་གཞུང་དང་མཐོང་རྒྱུད་མན་ངག་ལ། །བརྟེན་ནས་དྲི་བཟང་ཤིང་ལས་སོར་རྩེས་བསྐྲུན། །ཚ་སྲེག་ཡུན་རིང་ངལ་བར་བཟོད་སྲན་གྱིས། །ཅི་ནུས་བརྩོན་པས་འདི་ཉིད་བསྒྲུབས་པ་ནི། །བདག་སོགས་ཚོགས་གཉིས་རྫོགས་ཕྱིར་བགྱིས་པ་ལས། །གྲགས་སྙན་གཟེངས་བསྟོད་མཁས་པའི་མིང་ཕྱིར་མིན། །ཆོས་འདི་མཐོང་རྒྱུད་མཁས་པའི་རྒྱུད་ཆེན་རྣམས། །སྣུམ་ཟད་མར་མེ་ཇི་བཞིན་ཟད་ཉེར་སྐབས། །དགེ་བའི་བཤེས་དང་གྲྭ་ཚང་འདི་ཉིད་ཀྱི། །བཀྲིན་བསབ་ཕྱིར་མཐུན་མིན་ཕྱག་ལེན་རྣམས། །མི་ཉམས་རྒྱུན་འཛིན་ཐུབ་པའི་ལྷག་བསམ་གྱི། །རྦ་རླབས་གྱེན་འཕྱུར་བགྱིས་པ་འདི་ཡི་མཐུས། །ཕྱི་འབྱུང་བློ་གསར་འགའ་ཡིས་འདིར་འབད་ཚེ། །མིག་སྟོན་སློབ་ཁྲིད་བྱེད་པའི་དཔེ་ཙམ་ཞིག །འབྱུང་ཕྱིར་གང་ནུས་བརྩོན་པས་བགྱིས་ཁུལ་ཡང་། །ཕྲན་རྣམས་སྔོན་ཆད་ལས་འདིའི་མྱོང་གོམས་དབེན། །སོར་མོའི་འདུ་བྱས་ལས་མ་བྱང་པས། །འདྲེན་བྱེད་ཟུང་ལ་མི་སྡུག་འཆར་སྲིད་ཀྱང་། །ངལ་བར་མི་བཟོད་ཅི་བདེར་མ་བགྱིས་རུང་། །ལྷག་ཆད་ནོར་འཁྲུལ་མཆིས་ན་སྙིང་ནས་བཤགས། །སྐབས་འགར་མཐུན་མིན་བཀོད་དབྱིབས་འགའ་ཞིག་ནི། །རང་བཟོ་མ་བགྱིས་ཁུངས་འདྲེན་འོག་ཏུ་གསལ། །ཕྱོགས་འདིར་འཆད་བྱའི་གཞུང་གྲངས་འདྲ་མིན་མང་། །ཀུན་གྱི་རྗེས་སུ་འཇུག་ན་ངལ་བའི་རྒྱུ། །སྔོན་བྱོན་རྒྱུད་ཆེན་གོང་མའི་ཕྱག་ལེན་བཞིན། །མདོ་སྨད་མཁས་དབང་ཤེས་རབ་རྒྱ་མཚོ་དང་། །ལྷུན་གྲུབ་པཎ་ཌི་ཏ་ཡི་གཞུང་གཉིས་ལ། །གཞིར་བཞག་མཐོང་བརྒྱུད་མན་ངག་ཁ་བསྐངས་ནས། །ངལ་དང་ལེན་རྩེ་ས་འདི་བགྱིས་སོ། །ཆོས་འདི་བགྱིས་པའི་རྣམ་དཀར་ཕུང་པོ་ཡིས། །སྙིགས་ལྔའི་རྒུད་ཚོགས་ཞི་བའི་རྒྱུ་རུ་བསྔོ། །
table
༈ སྤྱི་ལོ་ ༡༩༨༩ ནས་༡༩༩༡ བར་གྱི་གྲྭ་ཚང་ཕྱག་མཛོད་ཏྲེ་ཧོར་སྔགས་རམས་པ་འཆི་མེད་རྡོ་རྗེ་དང་། སྔགས་རམས་པ་བློ་བཟང་བརྟན་པ། སྔགས་རམས་པ་བསྟན་འཕེལ། སྔགས་རམས་པ་རྣམ་རྒྱལ་དཀོན་མཆོག །སྐུ་གཤེགས་སྔགས་རམས་པ་ཆོས་དབྱིངས། སྔགས་རམས་པ་བློ་བཟང་བསྟན་འཛིན་བཅས་ནས་རྒྱུ་ཡོན་སྦྱར་ཏེ་ལས་གྲྭར་དངོས་སུ་ཞུགས་པ་པོ། བྱང་གཞོན་སྔགས་རམས་པ་དོན་ལྡན་ནོར་བུ། སྔགས་རམས་པ་ཚེ་རིང་དོན་གྲུབ། དགེ་སློང་བློ་བཟང་། དགེ་སློང་ཆོས་འཕེལ་བཅས་དང་། ཚོན་སྐྱེད་བྱེད་པོ་སྔགས་རམས་པ་ཡེ་ཤེས་རྡོ་རྗེ། དགེ་སློང་པདྨ། དགེ་ཚུལ་ཡེ་ཤེས་དབང་འཛིན། དགེ་ཚུལ་ཚེ་རིང་བཀྲ་ཤིས་བཅས་ནས་བོད་རྒྱལ་ལོ་ ༢༡༢༢ ཟླ་ ༨ ཚེས་ ༢༤ སྤྱི་ལོ་༡༩༩༥.༡༠ ཚེས་༡༨ བོད་ཤིང་ཕག་ལོར་བསྒྲུབས་པའོ། །
བློས་བསླང་གི་དཀྱིལ་འཁོར་འདི་གསུམ་དཔེ་མཛོད་ཀྱི་སྦུག་ཁང་དུ་བཞུགས་ལ། དཀར་ཆག་ཏུ་གསལ་བ་ལྟར་བསོད་ནམས་གསོག་པའི་རྟེན་དང་། ཕྱི་འབྱུང་བློ་གསར་རྣམས་ལ་མིག་སྟོན་ནམ་མཛུབ་ཁྲིད་ཀྱི་རྟེན་དུ་བཞེངས་པ་ཡིན་ཞིང་། ཕྱིས་སུ་ཆ་ཤས་རེ་རེ་ནས་གཏོར་ཆོག་པ་སློབ་ཁྲིད་ཀྱི་དཔེ་སོགས་ཀྱི་ཆེད་དུ་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་གཞན་གསུམ་གསར་བཞེངས་གནང་བ་བློས་བསླངས་ཁང་སྟེ་སྔོན་ཆད་ཀྱི་སློབ་གྲྭའི་འཛིན་ཁང་རྙིང་པར་བཞུགས་པ་ཡིན་ལ། སློབ་གཉེར་དགེ་བཤེས་རྣམས་དང་གསར་བུ་བ་རྣམས་ལ་དེ་གསུམ་གྱི་སྟེང་ནས་མཛུབ་ཁྲིད་གནང་གི་ཡོད།