དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ།

 དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ།

བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོས་འཛམ་བུའི་གླིང་དུ་གཟིགས་པ་རྣམ་པ་ལྔ་མཛད་དེ། རིགས་དང༌། ཡུལ་དང༌། དུས་དང༌། རྒྱུད་དང༌། ཡུམ་ལ་གཟིགས་པའོ། །དེ་ཡང་རིགས་ཀྱི་མཆོག་ཤིན་ཏུ་བཙུན་པར་བཀུར་པའི་རྒྱལ་རིགས་དང༌།

ཡུལ་གྱི་མཆོག་ཡུལ་དབུས་ཀྱི་གྲོང་ཁྱེར་དམ་པ་དང༌། དུས་ཀྱང་ཡིད་འབྱུང་བ་དང་སྐྱོ་ཤས་ཆེ་ཞིང་ཧ་ཅང་རང་སྙིགས་མ་ལྔ་བདོ་བ་ཡང་མ་ཡིན་པ་ཚེ་ལོ་བརྒྱ་བའི་དུས་དང༌། རྒྱུད་ནི་མང་པོས་བཀུར་བའི་རྒྱལ་པོའི་རྒྱུད་པ་ཡང་ཡིན་ལ། ཕ་མེས་དང་མ་མེས་བདུན་རྒྱུད་ཀྱི་བར་དུ་སྐྱོན་མེད་པ་དང༌། ཡུམ་ནི་བུད་མེད་ཀྱི་སྐྱོན་ཀུན་སྤངས་ཤིང༌། ཡོན་ཏན་ཀུན་ཚང་ལ། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་ནུས་པའི་བསོད་ནམས་བསགས་པ་དང༌། སྔོན་གྱི་རྒྱལ་བ་ལ་མཆོད་དེ་སངས་རྒྱས་ཀྱི་ཡུམ་དུ་འགྱུར་བར་སྨོན་ལམ་བཏབ་པ་སྟེ་དེ་དག་དགོས་པ་ལས། ལྷ་མོ་སྒྱུ་འཕྲུལ་ལ་དེ་ཡང་ཚང་པར་གཟིགས་པ་དང་། ལྷ་རྣམས་ལ། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སྐྱེས་བུ་སེང་གེ་འཆི་འཕོ་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲས་པ་ནི། །གྲོགས་དག་བག་མེད་སྤྱོད་པ་སྤོང་བར་གྱིས། །སོགས་གསུངས་སོ། །

དེ་ནས་བྱང་ཆུབ་སེམས་དཔས། དགའ་ལྡན་དུ་གནས་པ་ལ་སོགས་པའི་འདོད་པའི་ལྷ་རིགས་དྲུག་ལ་ལན་གསུམ་དུ་འདི་སྐད་ཅེས་བསྒྲགས་ཏེ། ང་ནི་དགའ་ལྡན་གྱི་ལྷའི་རིགས་འདི་ནས་འཕོས་ཏེ་འཛམ་བུའི་གླིང་དུ་རྒྱལ་པོ་ཟས་གཙང་གི་བུར་གྱུར་ནས་བདུད་རྩི་རྟོགས་པར་བྱ་ཡི། ཁྱེད་ཅག་བདུད་རྩིའི་དོན་དུ་གཉེར་བ་རྣམས་ཡུལ་དབུས་ཀྱི་མིར་ཉིང་མཚམས་སྦྱོར་བར་གྱིས་ཤིག་ཅེས་གསུངས་སོ། །

དེར་དགའ་ལྡན་གྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ལ། བྱང་ཆུབ་སེམས་དཔའ་མཁྱེན་པར་མཛོད་ཅིག །ད་ལྟ་འཇིག་རྟེན་ནི་སྡིག་པས་གོས་པ། སྐྱེ་དགུ་ནི་མ་རུང་བ་ལགས་པས་གཤེགས་པའི་སྐབས་མ་ལགས་སོ། །ཞེས་གསོལ་བ་དང་། བྱང་ཆུབ་སེམས་དཔས། དུང་གི་སྒྲས་རོལ་མོའི་སྒྲ་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། ངས་ཀྱང་དེ་དག་ཟིལ་གྱིས་མནན་ཏེ། བདུད་རྩིས་འགྲོ་བ་ཚིམ་པར་བྱའོ། །ཞེས་སོགས་གསུངས་སོ། །

དེ་དག་གི་ཚེ་བར་སྣང་ལ་རྒྱུ་བའི་ལྷ་རྣམས་ཀྱིས། ད་ལྟའི་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པར་འགྱུར་རོ། །ཞེས་སོགས་བསྒྲགས་པས། རྒྱལ་པོའི་ཁབ་ཀྱི་མཇུག་མ་བསྒྱུར་བའི་རི་ལ་གནས་པའི་རང་རྒྱལ་གླང་པོ་ཞེས་པས་ཐོས་ཏེ་རྡོ་ལ་རྐང་རྗེས་བཞག་སྟེ་འདས་ཤིང་། འཛམ་བུའི་གླིང་ན་རང་སངས་རྒྱས་ལྔ་བརྒྱ་ཙམ་བཞུགས་པ་དེ་དག་ཝཱ་རཱ་ཎ་སིར་བྱོན། ད་ནི་སངས་རྒྱས་མྱུར་དུ་འབྱུང་བས་བདག་ཅག་གིས་འགྲོ་བའི་དོན་བྱ་མི་དགོས་སོ་སྙམ་དུ་དགོངས་ནས། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ཤིང་། གདུང་ལ་རང་བྱུང་གི་མེ་འབར་ཏེ་ནམ་མཁར་སོང་བ་ལས་རིང་བསྲེལ་རྣམས་སའི་སྟེང་དུ་ལྷུང་བས་དྲང་སྲོང་ལྷུང་བ་ཞེས་པར་གྲགས་སོ། །

དེ་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱིས། གལ་ཏེ་མགོན་པོ་ཁྱོད་ཉིད་འཛམ་བུའི་གླིང་དུ་གཤེགས་ན། དགའ་ལྡན་གྱི་གནས་འདི་ངན་པར་འགྱུར་རོ་ཞེས་སྨྲས་པར། བཀའ་སྩལ་པ། དེང་ཕྱིན་ཆད་མི་ཕམ་པས་ཆོས་སྟོན་པར་འགྱུར་རོ། །ཞེས་བཀའ་སྩལ་ཏེ། རིན་པོ་ཆེའི་ཅོད་པན་རྒྱལ་བ་མི་ཕམ་མགོན་པོ་ལ་ཕུལ་ཏེ་རྒྱལ་ཚབ་ཏུ་བསྐོས་ཏེ་དགའ་ལྡན་གྱི་གནས་ནས་འཕོ་བར་མཛད་དོ། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)