ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་ལོན་ཏེ། ལྗོན་ཤིང་དང་མེ་ཏོག་རབ་ཏུ་རྒྱས་ཤིང་། བྱ་རྣམས་དགའ་བས་སྐད་འབྱིན་པ་དང་། ཤིང་ས་ཧ་ཀ་རའི་འབྲས་བུ་ཡང་སྨིན་ཅིང་དུད་པར་གྱུར་ལ། དཔྱིད་ཟླ་ཐ་ཆུང་གི་ཡར་ངོ་ལོན་པ་ན། ཡུམ་ལ་བདག་ལྷས་བསྟན་གྱི་སྐྱེད་ཚལ་དུ་
འདུག་པར་བྱའོ་སྙམ་པ་བྱུང་བ་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་ཀྱང་གནང་སྟེ། གྲོང་ཁྱེར་ལྷས་བསྟན་དང་ཉེ་བའི་ལུམ་བིའི་ཚལ་དུ་འབྱོན་ཕྱིར་རིན་པོ་ཆེའི་ཁྱོགས་ལ་བཞུགས་ཤིང༌། གཡོག་མོ་དུ་མས་བསྐོར། རྒྱལ་པོ་ཟས་གཙང་མ་ཡང་དཔུང་ཚོགས་དང་བཅས་སེར་སྐྱའི་གྲོང་ནས་ཆས་ཏེ། ལུམ་བི་ནིའི་སྐྱེད་ཚལ་དུ་ཕེབས་ཤིང་། དེར་ཡུམ་གྱིས་ཕྱོགས་ཀུན་ཏུ་གཟིགས་པས། ཤིང་པླཀྵ་མེ་ཏོག་རབ་ཏུ་རྒྱས་པ་ཞིག་གཟིགས་ཏེ། དེའི་ཡལ་ག་ལ་ཕྱག་གཡས་པས་བཟུང་སྟེ་བྱ་མྱང་བྱེད་ཅིང་གནམ་ལ་གཟིགས་པ་ན། བྱང་ཆུབ་སེམས་དཔའ་ཡུམ་ལ་གནོད་པ་མེད་པར་གོས་དང་བཅས་པར་ཡུམ་གྱི་རྩིབ་ལོགས་གཡས་པ་བརྟོལ་ཏེ་བལྟམས་པ་དང་། བལྟམས་ཟིན་པ་ན་རྨའི་སྒོ་ཅུང་ཟད་ཀྱང་མངོན་པ་མེད་པར་གྱུར་ཅིང་། བལྟམས་མ་ཐག་ཏུ་ས་གཞི་གཡོས་འོད་ཀྱི་སྣང་བས་འཇིག་རྟེན་གྱི་ཁམས་ཁྱབ་པར་གྱུར་ཏོ། །
དེ་མ་ཐག་ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤིའི་གོས་ཀྱིས་བླངས། དགའ་བོ་དང་ཉེ་དགས་སྐུ་ཁྲུས་གསོལ་བ་དང་། ཀཽ་ཤི་ཀ་ང་ཐོང་གསུང་སྟེ། ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ཏེ། འདི་ནི་ཤར་ཕྱོགས་ཡིན་ཏེ། མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ། །འདི་ནི་ལྷོ་ཕྱོགས་ཡིན་ཏེ། འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ། །འདི་ནི་ནུབ་ཕྱོགས་ཡིན་ཏེ། ང་ཡི་སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བྱང་ཕྱོགས་ཡིན་ཏེ། སྲིད་པའི་རྒྱ་མཚོ་ལས་བརྒལ་བར་བྱའོ་སོགས་གསུངས་ཤིང་།
ཉིན་དེར་ཕྱོགས་བཞིའི་རྒྱལ་པོ་རྣམས་ལ་ཡང་བུ་རེ་རེ་སྐྱེས་ཏེ། མཉན་ཡོད་དུ་རྒྱལ་པོ་རྩིབས་ཀྱི་རིང་འཕུར་གྱི་བུ་བཙས་པ་ན། ཡུལ་བྲ་ཕབ་པ་བཞིན་གསལ་བས་མིང་ལ་གསལ་རྒྱལ་དང༌། རྒྱལ་པོའི་ཁབ་ཏུ་རྒྱལ་པོ་པདྨ་ཆེན་པོའི་བུ་བཙས་པ་ན། ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་གཟུགས་ཅན་མའི་བུ་ཡིན་པས་གཟུགས་ཅན་སྙིང་པོ། ཀཽ་ཤམྦི་རྒྱལ་པོ་དམག་བརྒྱ་བའི་བུ་བཙས་པ་ན། འཇིག་རྟེན་དུ་ཉི་མ་ཤར་བ་ལྟར་གྱུར་པས་ཤར་བ། འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་པ་ན། འཇིག་རྟེན་སྒྲོན་མེས་སྣང་བ་ལྟར་གྱུར་པས་མིང་ལ་རབ་སྣང་བཏགས་ཤིང༌། བྱང་ཆུབ་སེམས་དཔའ་བལྟམས་པའི་འོད་ཀྱིས་འཇིག་རྟེན་ཁྱབ་པའི་ལྟས་དེ་སོ་སོའི་བུ་ཡི་ཡིན་པར་བསམས་པའོ། །
གཞན་གྲགས་ལྡན་མ་སོགས་བརྒྱད་བརྒྱ། བཟང་ལྡན་ལ་སོགས་པ་ལྔ་བརྒྱ། འདུན་པ་སོགས་བྲན་ལྔ་བརྒྱ་ཡང་བཙས། གླང་མོ་ལྔ་བརྒྱ་ལ་ཕྲུ་གུ་འབྲངས། རྒོད་མ་ལྔ་བརྒྱ་ལ་ཡང་རྟེའུ་འབྲངས། འཛམ་བུ་གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེས། གཏེར་ལྔ་བརྒྱ་ཡང་ཁ་ཕྱེ་བར་གྱུར། དེ་ནས་རྒྱལ་པོ་ཟས་གཙང་མས། བདག་གི་བུ་འདི་བཙས་པ་ན་དོན་ཐམས་ཅད་གྲུབ་པར་གྱུར་པས། གཞོན་ནུའི་མཚན་དོན་ཐམས་ཅད་གྲུབ་པར་བཏགས་པ་ཡིན་ཞེས་བརྗོད་དོ། །
གཞོན་ནུ་དོན་གྲུབ་ཀྱིས་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བའི་སར་མེ་ཏོག་པདྨ་བྱུང་བ་དང་འབྲེལ་ཏེ་ཟླུམ་པོ་པདྨའི་རྣམ་པ་ཅན། བང་རིམ་བཞི་བའམ་བདུན་བརྒྱད་ཅན། པདྨ་དང་འཁོར་ལོས་སྤྲས་པ་པདྨ་སྤུངས་པའི་མཆོད་རྟེན་ནི་རྒྱལ་པོ་ཟས་གཙང་མ་སོགས་ཀྱིས་བཞེངས་སོ། །