སེར་སྐྱ་ན་གནོད་སྦྱིན་ཤཱཀྱ་འཕེལ་ཞེས་པ། ཤཱཀྱ་རྣམས་ཀྱིས་རིགས་ལྷ་རུ་མཆོད་པ་ཞིག་ཡོད་པ་ལ། ཤཱཀྱའི་བུ་བུ་མོ་གང་སྐྱེས་ཀྱང་ཐོག་མར་ཕྱག་འཚལ་དགོས་པའི་སྲོལ་ཡོད་པས། རྒྱལ་པོས་ཀྱང་དེ་ལྟར་བྱེད་པར་བརྩམས་ཏེ། གཞོན་ནུ་ཁྱོགས་ལ་སྤྱན་དྲངས།
རྒྱལ་བློན་འཁོར་བཅས་སེར་སྐྱར་བྱོན་པ་ན། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་དག་ཀྱང་སྤྱོད་ལམ་དུལ་ཞིང་ཞི་བ་ཅན་དུ་གྱུར་ཏེ་ཐུབ་པ་ལྟར་གནས་པ་གཞོན་ནུའི་མཐུར་ཤེས་ནས། ཤཱཀྱ་ཐུབ་པ་ཞེས་མཚན་བཏགས་སོ། །དེ་ནས་གནོད་སྦྱིན་གྱི་གནས་དང་ཉེ་བ་ན། གནོད་སྦྱིན་དེས་རང་གཟུགས་དངོས་བསྟན་ནས་ཕྱི་རུ་ཐོན་ཏེ། གཞོན་ནུ་ལ་ཕྱག་འཚལ་བ་སྐྱེ་བོ་ཀུན་གྱིས་མཐོང་ནས། ལྷ་འདིས་ཀྱང་གཞོན་ནུ་ལ་ཕྱག་འཚལ་བས། འདི་ནི་ལྷའི་ཡང་ལྷའོ་ཞེས་མཚན་བཏགས་སོ། །དེ་ནས་གཞོན་ནུ་མ་མ་བརྒྱད་ལ་གཏད་ཅིང༌། དེ་སྐུ་བལྟམས་ཏེ་ཞག་བདུན་ནས། ཡུམ་གཤེགས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །
གཞོན་ནུ་ཆེར་སྐྱེས་ནས་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཡི་གེའི་སློབ་དཔོན་སྲིན་བུའི་གོ་ཆའི་ཡི་གེའི་གྲྭར་བྱོན་པ་ན། དེས་ཡི་གེ་གཅིག་བྲིས་ཏེ་ཕུལ་བས། འདི་ནི་ངས་ཤེས་ཀྱི་གཞན་སྨྲོས་ཤིག །དེས་ཀྱང་ཡིག་རིགས་ལྔ་བརྒྱའི་བར་བྲིས་ཏེ་ཕུལ་ཀྱང༌ཤེས་སོ། །གཞོན་ནུས་ཡི་གེ་ཞིག་བྲིས་ཏེ། དེ་ལ་ཕུལ་བས། དེས་མ་ཤེས་སོ། །གཞོན་ནུས་ཡི་གེ་འདི་ནི་འཇིག་རྟེན་དུ་བྱང་ཆུབ་སེམས་དཔའ་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱུང་བ་ན་དར་བར་འགྱུར་རོ་ཞེས་སྨྲས་སོ། །
དེ་ནས་རྩིས་ཀྱི་སློབ་དཔོན་སྲིད་སྒྲུབ་ཀྱི་དྲུང་དུ་བྱོན་པ་ན། དེས་རྩིས་ཀྱི་གནས་བསྟན་པ་ཀུན་གཞོན་ནུས་སྔར་ནས་མཁྱེན་ཅིང༌། དེས་ཆ་ཙམ་ཡང་མ་རིག་པའི་གྲངས་དང་རྩིས་ཀྱི་གནས་གཞོན་ནུས་གསུངས་ལ། དེ་བཞིན་དུ། ཞང་པོ་བཟང་ལེན་ལ། གླང་པོ་ཆེའི་གཉར་བྱོན་པ་སོགས་དང༌། འཕོངས་ཀྱི་སློབ་དཔོན་ལྷར་བཅས་ལ། གནས་ལྔ་ལ་སོགས་པ་མཚོན་ཆའི་འཕྲུལ་འཁོར་རྣམས་སློབ་པ་ན། གཞོན་ནུས་ནི། དེ་རྣམས་ཀྱིས་བསྟན་པ་ལ་མ་བལྟོས་པར་མཁྱེན་ཅིང་། གཞན་རྣམས་ཀྱིས་ནི། ལེགས་པར་བསླབས་པས་བྱང་བར་གྱུར་ཏོ། །
སྐབས་དེར་ཡངས་པ་ཅན་པའི་ལི་ཙཱ་བྱི་རྣམས་ཀྱིས་གླང་པོ་ཆེ་མཚན་ལྡན་ཞིག་རྙེད་ནས། ཟས་གཙང་གི་སྲས་འཁོར་ལོས་བསྒྱུར་བར་འགྱུར་གྱི། དེའི་མཐུ་ལས་གླང་པོ་འདི་བྱུང་བ་ཡིན་པས། འདི་དེ་ཉིད་ལ་འབུལ་ལོ། །ཞེས་སེར་སྐྱར་ཕྱིན་ཏེ། ཕོ་བྲང་གི་སྒོར་གླང་པོ་ཆེ་ཁྲིད་ནས་བསྡད་པ་ལྷས་བྱིན་ཕྱིར་བྱུང་བས་མཐོང་སྟེ། གླང་པོ་འདི་ཅི་ཞེས་དྲིས་པ་ན། དེ་དག་གིས་སྔར་བཞིན་སྨྲས་པས། ལྷས་བྱིན་ཕྲག་དོག་སྐྱེས་ཏེ། དེ་འཁོར་བསྒྱུར་དུ་མ་སོང་བའི་སྔོན་ནས་གླང་པོ་འབུལ་ལམ། ཞེས་ཐལ་ལྕག་བསྣུན་པས་གླང་པོ་བསད་དོ། །དགའ་བོས་དེ་མཐོང་ནས། ལྷས་བྱིན་གྱིས་རང་གི་མཐུ་བསྟན་གྱི། བདག་གིས་ཀྱང་བསྟན་ནོ་སྙམ་ནས། མཇུག་མ་ནས་བཟུང་སྟེ་གོམ་པ་བདུན་ཙམ་སོང་ནས་མཐའ་གཅིག་ཏུ་བོར་རོ། །
གཞོན་ནུ་བྱོན་ནས་དེ་གཟིགས་པས་དྲིས་པ་ན། སྔར་བཞིན་སྨྲས་པས། འོ་ན་བདག་གིས་ཀྱང་མཐུ་སད་པར་བྱའོ་དགོངས་ནས། དེའི་མཇུག་མ་ནས་ཕྱག་གིས་བཟུང་སྟེ་བཏེག་ནས་རྒྱང་དུ་འཕངས་པས། ལྕགས་རི་རིམ་པ་བདུན་དང༌། འོབས་རིམ་པ་བདུན་འདས་ཏེ། རྒྱང་གྲགས་ཙམ་གྱི་ཕ་རོལ་ཏུ་ལྷུངས་ཤིང༌། ཕྱོགས་དེར་ས་ལ་གཞོང་བུ་དོད་པས། གླང་པོའི་གཤོངས་ཞེས་གྲགས་ཤིང་དེར་མཆོད་རྟེན་ཡང་བྱས་སོ། །