དེ་ནས་ཤཱཀྱ་རྒན་རབས་དག་གིས་རྒྱལ་པོ་ཟས་གཙང་ལ། མཚན་མཁན་དག་གིས་གཞོན་ནུ་དོན་གྲུབ་འདི་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་ན། གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་ལུང་བསྟན་ན་བཙུན་མོ་བླང་བར་བྱའོ། །ཞེས་གསོལ་བ་ལ།
རྒྱལ་པོ་ཟས་གཙང་གིས། གཞོན་ནུའི་ཚུལ་དང་མཐུན་པའི་བུ་མོ་གང་ན་ཡོད་ལྟོས་ཤིག །ཅེས་སྨྲས་པ་ན་ཤཱཀྱ་ལྔ་བརྒྱ་ཙམ་ངེད་ཀྱི་བུ་མོ་མཐུན་ནོ་ཟེར་རོ། །རྒྱལ་པོས། གཞོན་ནུ་ཉིད་ལ་དྲིས་ཤིག་ཟེར་ནས་དྲིས་པས། དགུང་བདུན་ནས་ལན་བྱའོ་གསུངས་ཏེ་བསམ་པས། འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛེས་མ་ཡིན། །བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །ཞེས་དང༌།
ཡང་ཞིག་བརྟག་ན། སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་བྱུང་བ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་སླས་ཀྱང་བསྟན། །འོན་ཀྱང་འདོད་པའི་ཆགས་མེད་བསམ་གཏན་བདེ་མ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། །སྙམ་སྟེ་བུད་མེད་ཀྱི་ཡོན་ཏན་ཡི་གེ་ལ་བྲིས་ནས་འདི་འདྲ་བ་བདག་ལ་གསོལ། ཞེས་སྨྲས་པ་ན། རྒྱལ་པོས། རྒྱལ་རིགས་བྲམ་ཟེའི་བུ་མོ་དང༌། །རྗེའུ་རིགས་དམངས་རིགས་དེ་བཞིན་ཏེ། །སུ་ལ་ཡོན་ཏན་འདི་ཡོད་པའི། །བུ་མོ་དེ་ནི་འདིར་འོན་ཞིག །ང་ཡི་བུ་འདི་རིགས་དག་དང༌། །རུས་དག་ངོ་མཚར་འཛིན་མ་ཡིན། །ཡོན་ཏན་ལྡན་པ་ཆོས་ཀྱི་སྣོད། །དེ་ལ་འདི་ཡི་ཡིད་དགའོ། །ཞེས་སྨྲས་སོ། །
ཡང་བློོན་པོ་རྣམས་དང་གྲོས་གནང་སྟེ། ཡུལ་གྱི་བུད་མེད་བཟང་མོ་འོས་པར་གྱུར་པ་ཐམས་ཅད་གཞོན་ནུ་དོན་གྲུབ་ཀྱི་སྤྱན་སྔར་བསུ་སྟེ། གང་ལ་དགྱེས་པ་དེ་བཙུན་མོར་བླང་བར་བྱ་ལ། དེའི་ཐབས་ཀྱང་གཞོན་ནུ་འདི་ནི་སྦྱིན་པ་ལ་དགྱེས་པས། རྒྱན་གྱི་རྣམ་གྲངས་དག་བུད་མེད་རྣམས་ལ་སྦྱིན་དུ་བཅུག་ན་གང་ལ་དགྱེས་པ་ཤེས་སོ། །ཞེས་གྲོས་གནང་སྟེ་གཟའ་སྐར་དང་ཚེས་གྲངས་སོགས་རབ་ཏུ་དགེ་བ་ལ་ས་ཕྱོགས་ཡངས་པ་ཞིག་ཏུ་སེང་གེའི་ཁྲི་བཤམས་པ་ལ་གཞོན་ནུ་དོན་གྲུབ་བཞུགས། རིན་པོ་ཆེའི་རྒྱན་སྣ་ཚོགས་པ་ཕུང་པོར་སྤུངས་ཏེ་བཞག །ཆོ་རིགས་བཟང་པོའི་བུད་མེད་ཐམས་ཅད་སོ་སོའི་འབྱོར་པ་དང་བསྟུན་པའི་ཆ་བྱད་དང་རྒྱན་གྱིས་སྤྲས་ནས་འོངས་པ་ལ། རེ་རེ་བཞིན་བྱང་ཆུབ་སེམས་དཔས་རྒྱན་གྱི་རྣམ་གྲངས་རེ་གནང་ངོ་། །
དེར་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་གྲགས་འཛིན་མ་ལ། ཕས་སྨྲས་པ། གཞོན་ནུ་དོན་གྲུབ་ཀྱིས་རྒྱན་སྟེར་གྱིས་སོང་ཞིག །དེས་སྨྲས་པ། འོ་སྐོལ་ལ་རྒྱན་མ་མཆིས་སམ། སྨྲས་པ། མ་ཡིན་མོད། གཞོན་ནུ་བུད་མེད་འདེམ་པར་མཛད་དོ། །དེས་སྨྲས་པ། འདེམ་ཡང་རུང་མི་འདེམ་ཡང་རུང་། དེ་ཁོ་ན་བདག་གི་ཁྱིམ་ཐབ་ལགས་སོ། །སྨྲས་པ། དེ་ལྟར་ཡིན་ན་ངེས་པར་སོང་ཞིག །དེ་ནས་གྲགས་འཛིན་མ་དེ་ནི་བུད་མེད་ཐམས་ཅད་ཀྱི་ནང་ནས་ལྷའི་བུ་མོ་ལྟར་གཟི་བརྗིད་དང་ལྡན་པས་གཞན་ཀུན་གྱི་རྗེས་སུ་འོངས་པའི་ཚེ། བྱང་ཆུབ་སེམས་དཔས་རྒྱན་ཐམས་ཅད་སྩལ་ཟིན་ནས་སོར་གདུབ་རྒྱ་རྟགས་ཅན་ཁོ་ན་ལུས་པ་དེ་ལ་བསྟན་པ་དང་། དེ་བཞུགས་ཁྲིའི་སྐས་ལ་འཛེགས་ནས་བྱང་ཆུབ་སེམས་དཔའི་ཕྱག་ནས་རང་གི་བླངས་སོ། །
དེ་ནས་བློན་པོ་དང་ཡུལ་གྱི་གཙོ་བོ་རྣམས་ཀྱིས་འདིས་གཞོན་ནུའི་ཐུགས་དང་བསྟུན་པ་ནུས་སོ་ཞེས་རྒྱལ་པོ་ལ་གསོལ་བས། ལྷ་མོ་གྲགས་འཛིན་མ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོར་བླངས་སོ། །