དུས་གཞན་ཞིག་ན་གཞོན་ནུ་དོན་གྲུབ་ཤིང་རྟར་ཞུགས་ཏེ་ཤར་སྒོ་ནས་བྱོན་པ་ན་མི་རྒས་ཤིང་འཁོགས་པ་འཁར་བ་ལ་བརྟེན་ནས་འགྲོ་བ་ཞིག་གཟིགས་པ་དང་། དེ་བཞིན་དུ་ལྷོ་སྒོ་ནས་མི་ནད་ཀྱིས་གདུངས་པ། སྐྱ་བོ་རིད་པ་ཞིག་གཟིགས་ཤིང་
ནུབ་སྒོ་ནས་མི་རོ་ཁྱོགས་ལ་བཏེག་ནས་ཁྱེར་ཞིང་། སྟེང་ནས་རས་ཀྱི་གཡོགས། མདུན་ནས་མེ་སྒྲོན་ཐོགས་པ་དང་། སྐྱེ་བོ་མང་པོ་ཡང་མདུན་ནས་འགྲོ། མྱ་ངན་བྱེད་པ་རྣམས་ཕྱི་བཞིན་འབྲང་བ་རྣམས་གཟིགས་ཤིང་། རང་ཉིད་ཀྱང་དེ་དག་གི་ཆོས་ཉིད་ལས་མ་འདས་པ་མཁྱེན་པ་དང་། བྱང་སྒོ་ནས་ལྷས་སྤྲུལ་བའི་རབ་ཏུ་བྱུང་བ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ལག་ན་ལྷུང་བཟེད་ཐོགས་པ་རྒྱུ་ཞིང་འགྲོ་བ་གཟིགས་པ་ན། བདག་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱའོ་སྙམ་དུ་སྤྲོ་བ་དང་བཅས་པས་དོན་དེ་ཉིད་དགོངས་སོ། །དེ་རྗེས་ཞིང་པའི་གྲོང་དུ་བྱོན་ཏེ་ཞིང་ལས་ཀྱི་མཐའ་ལ་གཟིགས་པ་ན། ཞིང་པ་རྣམས་རྐང་ལག་སེར་ཀར་སོང་ཞིང་། གླང་རྣམས་ཀྱང་ངལ་ཞིང་རྨོས་པ་སོགས་གཟིགས་ནས་སྙིང་རྗེ་ཆེན་པོ་འཁྲུངས། དེ་ལྟར་དགུང་ལོ་ཉི་ཤུ་རྩ་དགུར་ཁྱིམ་དུ་བཞུགས་པ་དང་།
དེ་ནས་རྒྱལ་པོ་ཟས་གཙང་སྐུ་མཆེད་དང་བཅས་པ་རྣམས་གྲོས་བྱས་ཏེ། གཞོན་ནུ་དོན་གྲུབ་ཅི་ནས་ཀྱང་རབ་ཏུ་མི་འབྱུང་བའི་ཐབས་བསམས་ནས། གྲོང་ཁྱེར་ལྕགས་རི་དང་འོབས་ཀྱིས་བསྐོར། གྲོང་ཁྱེར་བཞི་མདོ་ལ་སྲུང་བའི་དཔུང་བཞག །བཙུན་མོ་རྣམས་ཀྱང་གླུ་དབྱངས་དང་རྩེ་དགའ་སྦྱོར་དུ་བཅུག་ཅིང་། རྒྱལ་པོའང་མེལ་ཚེ་བྱེད་དོ། །
ཉིན་བདུན་པའི་མཚན་མོར་གཞོན་ནུ་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ་བལྟས་པས། སྐར་མ་རྒྱལ་ཡང་ཤར་བར་མཐོང་ནས་འདུན་པ་ལ་སྨྲས་པ། རྟ་སྔགས་ལྡན་ལོངས་ཤིག་ཅེས་སྨྲས་སོ། །འདུན་པས་རྟ་སྔགས་ལྡན་བརྒྱན་ཏེ་ཕུལ་བ་ལ་ཆིབས་ཏེ། རྒྱལ་ཆེན་བཞིས་བཏེག་ནས་ནམ་མཁར་བྱོན་ཏེ། ཚངས་པ་དང་བརྒྱ་བྱིན་གྱིས་ལམ་བསྟན། འོད་ཀྱིས་མུན་པ་བསལ། མཆོད་པ་དང་། རོལ་མོ་སྣ་ཚོགས་དང་བཅས་ཏེ། གྱད་ཀྱི་ཡུལ་འདས་ཏེ། མཆོད་རྟེན་རྣམ་དག་གི་དྲུང་དུ་ཕྱིན་པ་དང་། རྟ་དང་རྒྱན་འདུན་པ་ལ་བྱིན་ཏེ། སླར་ལྡོག་ཅིང་། དེར་མཆོད་རྟེན་བརྩིགས་པས། འདུན་པ་སླར་ལོག་པའི་མཆོད་རྟེན་ཟེར་རོ། །
དེ་ནས་མཆོད་རྟེན་རྣམ་དག་གི་རྩར། དེ་ནས་ཨུཏྤལ་སྔོན་པོའི་འདབ་མ་ལྟ་བུའི་རལ་གྲིས། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བྲེགས་ཏེ་ནམ་མཁའ་ལ་བོར་བ་བརྒྱ་བྱིན་གྱིས་བླངས་ཏེ་ལྷའི་གནས་སུ་དུས་སྟོན་བཙུགས་ཤིང༌། ཕྱོགས་དེར་མཆོད་རྟེན་ཡང་བརྩིགས་ཤིང་། གཙུག་ཕུད་ཀྱི་མཆོད་རྟེན་ཞེས་ཟེར་རོ། །
དེ་ནས་རབ་ཏུ་བྱུང་བའི་ཚུལ་དང་ཀ་ཤི་ཀའི་གོས་མི་མཐུན་པས། རབ་བྱུང་གི་ཚུལ་དང་མཐུན་པའི་གོས་ཤིག་རྙེད་ན་ཅི་མ་རུང་སྙམ་པ་དང་། གནས་གཙང་མའི་ལྷ་རྔོན་པའི་གཟུགས་སུ་སྤྲུལ་པས་གོས་ངུར་སྨྲིག་ཕུལ་ཞིང་། གཞོན་ནུས་ཀྱང་། ཀ་ཤིའི་གོས་རྣམས་དེ་ལ་བྱིན་པ་དང་དེས་ཀྱང་ལག་པ་གཉིས་ཀས་བླངས་ཏེ། སྤྱི་བོར་བཞག་ནས་མཆོད་པའི་ཕྱིར་ལྷའི་འཇིག་རྟེན་དུ་སོང་ཞིང་། དེ་འདུན་པས་མཐོང་ནས་མཆོད་རྟེན་བརྩིགས་པས། ངུར་སྨྲིག་བླངས་པའི་མཆོད་རྟེན་ཟེར་རོ། །དེའི་ཚེ་དོན་གྲུབ་རབ་ཏུ་བྱུང་ངོ་ཞེས་པའི་སྒྲ་འོག་མིན་གྱི་བར་དུ་གྲག་གོ །འདུན་པས་ཀྱང་རྟ་དང་རྒྱན་ཁྱེར་ཏེ། རྒྱལ་པོ་དང་བཙུན་མོའི་འཁོར་གྱི་མྱ་ངན་བསལ་ལོ། །