གནས་དེ་ནས་སེར་སྐྱ་དང་ཐག་ཉེ་དྲགས་པར་དགོངས་ཏེ་རྒྱལ་པོའི་ཁབ་ཏུ་བྱོན། དེ་ནས་བྱ་རྒོད་ཕུང་པོའི་རི་དང་ཉེ་བའི་དྲང་སྲོང་སྣ་ཚོགས་པའི་བསྟི་གནས་སུ་གཤེགས་ཏེ། དྲང་སྲོང་རྣམས་མེ་ལྔས་གདུང་བ་དང་། རྐང་པ་ཡ་གཅིག་
འགྲེང་བ་སོགས་དཀའ་ཐུབ་ཇི་ཙམ་སྤྱོད་པ་དེ་གཞོན་ནུས་ཉིས་འགྱུར་དུ་སྤྱད་པས། དྲང་སྲོང་ཆེན་པོ་དང་། དགེ་སྦྱོང་ཆེན་པོ་ཞེས་པའི་མཚན་བྱུང་ཞིང་། དེ་རྣམས་མཐོ་རིས་ཙམ་དོན་དུ་གཉེར་བར་མཁྱེན་ནས། ལམ་འདི་ནི་ནུས་པ་མ་ཡིན་པ་སླར་ལྟུང་བ། ལོག་པར་ཞུགས་པ་འོ་དགོངས་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གྱི་གནས་སུ་གཤེགས་ཏེ། རིང་འཕུར་ལས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཚུན་ཆོད་ཀྱི་གདམས་ངག་ཞུས་ཏེ། ནུབ་མོ་དེ་ཉིད་ལ་ཐོབ་པར་མཛད་ནས། ནངས་པར་རིང་འཕུར་ལ་ཁྱེད་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་འདི་ཁོ་ན་མངོན་དུ་བྱས་སམ། གསོལ་པ་དེ་ཁོ་ནའོ། །བཀའ་སྩལ་པ། ངས་ཀྱང་དེ་མངོན་དུ་བྱས་སོ། །དེར་རིང་འཕུར་ན་རེ། འོ་ན་འོ་སྐོལ་མཚུངས་ཤིང་མཉམ་སྟེ། ཚུར་སྤྱོན་གཉིས་ཀས་འཁོར་འདི་ཡོངས་སུ་དྲང་བར་བགྱིའོ། །ཞེས་རབ་ཏུ་དགའ་ཞིང་བསྔགས་པ་དང་ཕུ་དུད་བྱས་སོ། །
དེར་བྱང་ཆུབ་སེམས་དཔས་ལམ་འདི་ཙམ་གྱིས་ནི་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་དུ་དགོངས་ཏེ། རེངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་གནས་སུ་གཤེགས་སོ། །དེའི་དྲུང་དུ་འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་སྲིད་རྩེའི་ཏིང་ངེ་འཛིན་ཐོབ་པར་མཛད་ཅིང་། དེ་ནས་ཡང་བྱང་ཆུབ་སེམས་དཔའ་གཞན་དུ་གཤེགས་སོ། །
དེའི་ཚེ་རྒྱལ་པོ་ཟས་གཙང་མས། གཞོན་ནུ་གཅིག་པུར་འཁྱམས་ཤིང་འདུག་གོ་ཞེས་ཐོས་ནས། རིམ་གྲོ་བྱེད་པའི་མི་སུམ་བརྒྱ་བཏང་ཞིང༌། རྒྱལ་པོ་ལེགས་པར་རབ་སད་ཀྱིས་ཀྱང་མི་ཉིས་བརྒྱ་བཏང་ངོ༌། །དེ་ནས་འཁོར་ལྔ་བརྒྱ་དང་བཅས་ནགས་སུ་རྒྱུ་བ་ན། སྐྱེ་བོ་མང་པོ་དང་ལྷན་ཅིག་གནས་པས་བདུད་རྩི་མི་ཐོབ་པར་མཁྱེན་ནས། ཡབ་ཀྱི་ཕྱོགས་ནས་ཀཽཎྜིནྱ་དང༌། རྟ་ཐུལ་དང༌། རླངས་པ་སྟེ་གསུམ་དང༌། ཡུམ་གྱི་ཕྱོགས་ནས་མིང་ཆེན་དང༌། བཟང་པོ་གཉིས་ཁྲིད། ལྷག་མ་རྣམས་ཕྱིར་བཏང་སྟེ། ལྔ་སྡེ་རྣམས་དང་ལྷན་ཅིག་གྲོང་ཁྱེར་ག་ཡའི་ལྷོ་ཕྱོགས་ལྟེང་རྒྱས་ཀྱི་གྲོང་རྡལ་རྒྱུ་ཞིང་གཤེགས་ནས། ཆུ་བོ་ནཻ་ར་ཉྫ་ནའི་འགྲམ། ནེའུ་སིང་ཡིད་དུ་འོང་བ། ཤིང་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གཟིགས་ནས། ནགས་ཁྲོད་འདིར་བདག་གནས་ལ་སྤོང་བ་བྱའོ་སྙམ་དུ་དགོངས་ནས་ཤིང་དྲུང་ཞིག་ཏུ་བཞུགས་སོ། །
དེ་ནས་དཀའ་ཐུབ་བརྩམ་མོ་སྙམ་སྟེ། ལོ་དྲུག་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཏིལ་འབྲུ་གཅིག་ལ་སོགས་པ་གསོལ་བས་དཀའ་བ་སྤྱད་དོ། །
དེའི་ཚེ་ཡུམ་གྱི་སྐྱེ་བ་སུམ་ཅུ་རྩ་གསུམ་པའི་ལྷ་དེས། གཞོན་ནུས་དཀའ་ཐུབ་དྲག་པོ་སྤྱད་པ་ཐོས་ནས་དེར་འོངས་པ་དང༌། བྱང་ཆུབ་སེམས་དཔའི་སྐུ་ལུས་སྐེམ་པ་སོགས་མཐོང་བས། ལུམ་བིའི་ཚལ་དུ་བུ་བཙས་ཚེ། །སྐྱེ་བའི་ཐ་མ་ཡིན་ཞེས་དང༌། །དྲང་སྲོང་ནག་པོས་སངས་རྒྱས་སུ། །ལུང་བསྟན་པ་ཡང་ཉམས་འགྱུར་ཞིང༌། །ཞེས་སོགས་གསོལ་བ་ལ། བྱང་ཆུབ་སེམས་དཔས། ཉི་ཟླ་སྐར་ཚོགས་ས་ལ་ལྷུང་འགྱུར་སྲིད། །སོ་སོ་སྐྱེ་བོ་ཡིན་ཡང་ང་མི་འཆི། །དེའི་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་མཐོང༌། །ཞེས་གསུངས་པས་དགའ་སྟེ་རང་གནས་སུ་སོང་ངོ༌། །