དེ་ལྟར་དཀའ་བ་སྤྱོད་པའི་དུས་ལོ་དྲུག་འདས་ནས་འདི་སྙམ་དུ་ད་ལྟར་གང་སུ་དག་སྡུག་བསྔལ་སྤོང་བར་འདོད་པ་ཐམས་ཅད་ནི་འདི་ཙམ་དུ་ཟད་དེ། འདི་ཡང་ཤེས་པ་དང་མཐོང་བ་དང་བྱང་ཆུབ་ལ་རེག་པར་ནུས་པ་མ་ཡིན་ནོ། །
བདག་སྔོན་ཞིང་པའི་གྲོང་དུ་བསམ་གཏན་བསྒྲུབས་པ་དེ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པར་ནུས་ན། རིད་ཅིང་ཉམས་ཆུང་བས་དེ་ཡང་བསྐྱེད་མི་ནུས་ཏེ། ལུས་མདངས་སྟོབས་དང་ལྡན་པར་བྱའོ་དགོངས་ནས་དབུགས་འབྱུང་རྔུབ་ཅི་བདེར་མཛད་ཅིང་། འབྲས་ཆན་སོགས་ཁ་ཟས། རགས་པ་ཡང་གསོལ། ཏིལ་མར་གྱིས་བྱུགས་ཤིང་ཆུ་འཇམ་པོས་ཁྲུས་མཛད་པ་དང་། དེར་རིམ་གྲོ་པ་ལྔ་པོ་མ་དད་པར་གྱུར་ཏེ། དགེེ་སྦྱོང་གཽ་ཏ་མ་འདི་ནི་སྤོང་བ་ལས་ཉམས་པ་ཡིན་ཏེ། ད་ནི་འདིས་ཅུང་ཟད་ཀྱང་ཐོབ་པར་མི་ནུས་སོ་ཞེས། བྱང་ཆུབ་སེམས་དཔའ་བོར་ནས་ཝཱ་རཱ་ན་སིར་སོང་ངོ་། །
དེ་ནས་བྱང་ཆུབ་སེམས་དཔའ་རིམ་གྱིས་སྐུའི་མཐུ་བསྐྱེད་ནས་སྡེ་ཅན་གྱི་གྲོང་དུ་གཤེགས་ཤིང་། ཡུལ་དེར་དཔོན་པོ་སྡེ་ཅན་ཞེས་པར། བུ་མོ་དགའ་མོ་དང༌། དགའ་སྟོབས་མ་ཞེས་པ་གཉིས་ཡོད་ལ། ཚུལ་ཁྲིམས་དང་བརྟུལ་ཞུགས་བླངས་ནས་དུས་དེར་ལོ་བཅུ་གཉིས་ཀྱང་རྫོགས་པས། དེ་གཉིས་ཀྱིས་བ་མཆོག་སྟོང་ཡོད་པ་རྣམས་བཞོས་ཏེ། བ་སྟོང་པོ་དེ་ཉིད་ལ་བླུད་པ་དང་། དེ་རྣམས་བཞོས་ནས་ལྔ་བརྒྱ་ལ་བླུད་ཅིང་། དེ་བཞིན་དུ་ཉིས་བརྒྱ་ལྔ་བཅུ་དང༌། བརྒྱ་ཉེར་ལྔ། དྲུག་ཅུ་རྩ་གསུམ། སུམ་ཅུ་རྩ་གཉིས། བཅུ་དྲུག །བརྒྱད་དེ་ལན་བཅུ་དྲུག་ཉིད་ཁུར་བྱས་པའི་འོ་མ་རྣམས་སྣོད་དུ་བསྐོལ་བའི་ཚེ། གནས་གཙང་མའི་ལྷ་རྣམས་ཀྱིས། མོད་ལ་མཐུ་བསྐྱེད་པ་ཞེས་བྱ་བའི་སྨན་བླུགས་སོ། །
དེ་ནས་བུ་མོ་དེ་གཉིས་བྱང་ཆུབ་སེམས་དཔའི་དྲུང་དུ་ཆས་ཤིང་། དེའི་ཚེ་བྱང་ཆུབ་སེམས་དཔའ་ཆུ་ཀླུང་ནཻ་རཱཉྫ་ནར་སྐུ་ཁྲུས་མཛད་དེ། སྐུ་ཉམས་ཆུང་བས་བཞེངས་པར་མ་ནུས་པ་ན། ཆུ་འགྲམ་ན་ཤིང་ཨ་རྫུ་ན་ཡོད་པའི་ཡལ་ག་ལ་ཕྱག་གིས་འཇུས་ཏེ་བཞེངས་ནས་ཆོས་གོས་གསོལ་ཏེ་ཆུ་འགྲམ་ན་བཞུགས་ཤིང་། དེར་དེ་གཉིས་ཀྱིས་འོ་ཐུག་ཕུལ་བ་བཞེས་ཏེ། བཀའ་སྩལ་པ། ཡོལ་གོ་འདི་ཡང་བཏང་བ་ཡིན་ནམ། གསོལ་པ། བཏང་བ་ལགས་སོ། །བྱང་ཆུབ་སེམས་དཔས་འོ་ཐུག་གསོལ་ནས། གསེར་གྱི་ཡོལ་གོ་ཆུ་ལ་བོར་བ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་དུ་ཁྱེར་ནས་མཆོད་པ་བཙུགས་སོ། །
དེ་ལྟར་འོ་ཐུག་གསོལ་བ་ཙམ་གྱིས་སྐུ་ལུས་ཀྱི་མདངས་སོགས་སྔོན་ལྟར་གྱུར་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཆས་པ་ན། ལམ་དུ། རྩྭ་འཚོང་ཁྱེའུ་བཀྲ་ཤིས་རྩྭ་བརྔ་བ་ལ། བཀྲ་ཤིས་རྩྭ་ནི་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །ཞེས་གསུངས་པ་དང༌། དེས་ཀྱང་རྩྭ་སྔོ་འཇམ་ཡིད་དུ་འོང་བ་དག་ཕུལ།
དེ་ནས་བྱང་ཆུབ་སྙིང་པོར་གཤེགས་ཏེ་རྡོ་རྗེའི་གདན་ལ་འཛེགས་ནས། བྱང་ཆུབ་ཤིང་གི་དྲུང་དེར་བཞུགས་གནས་སུ་རྩྭའི་བམ་པོ་དེ་བསྐྱུར་སྟབས་སུ་བོར་བ་ན། རྩྭའི་རྩེ་མོ་ནང་དུ་བསྟན་ནས་རྩྭ་རྣམས་མ་འཁྲུགས་པ་དང༌། སྲབ་འཐུག་མེད་པར་གཡས་ཕྱོགས་སུ་འཁྱིལ་ཏེ་འདུག་པ་ལ་སྐྱིལ་ཀྲུང་བཅས་ནས་ཞལ་ཤར་ཕྱོགས་སུ་བལྟས་ཏེ་ལུས་དྲང་པོར་བསྲིངས། དྲན་པ་མངོན་དུ་བཞག་ནས་གསུངས་པ། ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་ཀྲུང་གཞིག་པར་མི་བྱའོ། །ཞེས་དམ་བཅའ་མཛད་དོ། །