ལྷུམས་སུ་ཞུགས་པའི་མཛད་པ།

ལྷུམས་སུ་ཞུགས་པའི་མཛད་པ།

དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་སྐུ་ལ་གཟི་མདངས་བསྐྱེད་ཅིང༌། ཡུམ་གྱི་ལྷུམས་ཀྱང་གཙང་མར་བྱས་པ་དང་། ཆུ་སྟོད་ཀྱི་ཟླ་བའི་ཚེས་བཅོ་ལྔ་ལ་བབ་སྟེ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཡང་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླངས་ཤིང་གནས་པ་ལ།

བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ནམ་གྱི་གུང་གི་ཐུན་ལ་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པས་ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་གློ་གཡས་པ་ནས་ལྷུམས་སུ་ཞུགས་པ་ན། ས་གཞི་ཆེན་པོ་རྣམ་པར་གཡོས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་སྣང་བས་ཁྱབ་པར་གྱུར་ཅིང་། ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་མནལ་ལམ་དུའང་གླང་པོ་ཆེ་མཆོག་གིས་ཡུམ་ཉིད་ཀྱི་གཡས་ཕྱོགས་ཀྱི་རུམ་དྲལ་ནས་ཞུགས་པ་དང༌། སྟེང་གི་ནམ་མཁའ་ལ་འགྲོ་བ་དང༌། རི་བྲག་ཆེན་པོ་ལ་འཛེག་པ་དང༌། སྐྱེ་བོ་མང་པོས་རང་ཉིད་ལ་ཕྱག་བྱེད་པ་སོགས་རྨིས་སོ། །

དེའི་ནངས་པར་རྨི་ལྟས་དེ་དག་རྒྱལ་པོ་ཟས་གཙང་ལ་ཞུས་པས། རྒྱལ་པོས་བློན་པོ་རྣམས་མངགས་ཏེ་རྨི་ལམ་སྟོན་མཁན་དང་། བྲམ་ཟེ་ལྟས་མཁན་རྣམས་བཀུག་སྟེ། དེ་རྣམས་ལ་རྒྱལ་པོ་ཟས་གཙང་གིས་དྲིས་པ་ན། དེ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྟས་འདི་རྣམས་ལ་དཔྱད་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྲས་ཤིག་བལྟམས་པར་འགྱུར་རོ་ཞེས་ལུང་བསྟན་ཅིང་། དུས་དེ་ནས་བརྩམས་ཏེ་ཇི་སྲིད་འཚོ་བའི་བར་དུ་ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཉིད་བསླབ་པའི་གནས་ལྔ་ལ་གནས་ཤིང་འདོད་པ་ལ་ཡིད་གཏོད་པ་མེད་པར་གྱུར་ཏོ། །

དེ་ནས་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཕོ་བྲང་གི་སྐྱེད་མོས་ཚལ་དུ་ཡོ་བྱད་དང༌། འབྱོར་བ་དཔག་ཏུ་མེད་པ་དང་བཅས་ཏེ་སྡུག་བསྔལ་དང་ཡིད་མི་བདེ་བའི་རྐྱེན་ཐམས་ཅད་སྤངས་ཏེ། དགའ་ཚལ་གྱི་ལྷའི་བུ་མོ་བཞིན་དུ་གནས་པ་ལས། ནམ་ཞིག་ན་རྒྱ་མཚོ་བཞིའི་ཆུ་བཏུང་བར་འདོད་པའི་བསམ་པ་སྐྱེས་ནས། རྒྱལ་པོ་ལ་ཞུས་པ། རྒྱལ་པོས་མཚན་མཁན་རྣམས་ལ་དྲིས་པས། ལྷུམས་སུ་ཞུགས་པ་འདིའི་མཐུ་ལགས་ཏེ། འདིས་ཤེས་བྱའི་རྒྱ་མཚོ་འཐུང་བར་འགྱུར་བ་ལགས་སོ། །ཞེས་སྨྲས་པ་དང་། རྒྱལ་པོ་ཟས་གཙང་གིས་སླར་དྲིས་པ། གལ་ཏེ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་ཆུ་མ་བླུད་ན་ཅིར་འགྱུར། མཚན་མཁན་རྣམས་ཀྱིས་གསོལ་བ། སྲས་ཡན་ལག་མ་ཚང་བ་ཞིག་བཙའ་བར་འགྱུར་རོ། །རྒྱལ་པོས་བསམས་པ། ང་ཟས་གཙང་མ་བུ་ཡན་ལག་མ་ཚང་བར་བྱ་བ་ག་ལ་ཞིག་སྙམ་སྟེ། ཀུན་ཏུ་རྒྱུ་མིག་དམར་ཞེས་བྱ་བ་སྒྱུ་འཕྲུལ་གྱི་རིག་སྔགས་ལ་བྱང་བ་ཞིག་ཡོད་པ་བོས་ནས། དེས་རིག་སྔགས་ཀྱིས་སྤྲུལ་པའི་རྒྱ་མཚོ་བཞི་བསྟན་ཏེ། དེ་བཞིའི་ཆུ་བླུད་ནས་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཚིམ་པར་བྱས་སོ། །

དེ་བཞིན་དུ་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་བསམ་པ་ལ་བཙོན་པ་ཐམས་ཅད་བཙོན་ལས་ཐར་བར་བྱའོ་སྙམ་པ་བྱུང་བ་ཡང་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་བཙོན་པ་ཐམས་ཅད་བཙོན་ཁང་ལས་བཏང་ངོ་། །

གཞན་ཡང༌། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་སྐྱེ་བོ་དུ་མ་སྦྱིན་པས་ཚིམ་པར་བྱའོ་སྙམ་པའི་བསམ་པ་བྱུང་བ་ཡང་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་ཀྱང་དེ་བཞིན་དུ་སྐྱེ་བོ་མང་པོ་སྦྱིན་པས་ཚིམ་པར་མཛད་པ་དང་། ཡང་ལྷ་མོ་སྒྱུ་འཕྲུལ་ཆེན་མོས་སྐྱེད་མོས་ཚལ་སྣ་ཚོགས་གཟིགས་པར་འདོད་པ་ལ་སོགས་པ་བྱུང་བ་ལ་ཡང་རྒྱལ་པོ་ཟས་གཙང་གིས་དེ་བཞིན་དུ་འདོད་པ་བསྐངས་པར་མཛད་པ་ཡིན་ནོ། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)