མྱ་ངན་ལས་འདས་པའི་མཛད་པ།

མྱ་ངན་ལས་འདས་པའི་མཛད་པ།

དུས་ལན་ཅིག་བསོད་སྙོམས་མཛད་དེ་ཤིང་གཅིག་གི་དྲུང་དུ་བཞུགས་ནས། བཀའ་སྩལ་བ། ཀུན་དགའ་བོ། མི་རྣམས་ལ་ཚེ་གཅེས་ཏེ། གང་སུ་ཡང་རུང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ཅིང་སྒོམ་པ་ལན་མང་དུ་བྱས་པ་དེ་ནི། འདོད་ན་བསྐལ་པའམ་

བསྐལ་པ་ལས་ལྷག་པའི་བར་དུ་ཡང་བཞུགས་སོ། །ཞེས་བཀའ་སྩལ་ན་ཀུན་དགའ་བོས་ཅང་མི་ཞུའོ། །དེ་ལྟར་ལན་གཉིས་ལན་གསུམ་དུ་གསུངས་ཀྱང་ཅང་མ་ཞུ་བ་དང་། བཅོམ་ལྡན་འདས་ཤིང་དྲུང་དེར་བཞུགས་པའི་ཚེ་དྲུང་དུ་བདུད་སྡིག་ཅན་འོངས་ནས། བཙུན་པ་ཁྱེད་སྔོན་སངས་རྒྱས་པའི་ཚེ། བདག་གིས་མྱ་ངན་འདའ་བར་མཛོད་ཅིག་ཅེས་ཞུས་པས། ངས་འཁོར་རྣམ་བཞི་ལ་ཚངས་པར་སྤྱོད་པ་བསྟན་ཏེ། ལྷ་དང་མིའི་སྐྱེ་བོ་མང་པོ་ལ་རྒྱས་པར་མ་གྱུར་གྱི་བར་དུ་མྱ་ངན་ལས་མི་འདའོ་ཞེས་གསུངས་ན། ད་དེ་ལྟར་གྱུར་ལགས་ཀྱི། མྱ་ངན་ལས་འདས་པའི་དུས་ལ་བབ་བོ། །ཞེས་ཞུས་པས། སྡིག་ཅན་ཁྱོད་རྩོམ་པ་མ་ཆེ་ཞིག །དེ་བཞིན་གཤེགས་པ་ཟླ་བ་གསུམ་ནས་འདའོ་ཞེས་བཀའ་སྩལ་བ་དང་། དེར་བདུད་དགའ་ནས་མི་སྣང་བར་གྱུར་ཅིང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེའི་འདུ་བྱེད་ནི་བཏང༌། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་སོ། །

དེ་ནས་བཅོམ་ལྡན་འདས་གྱད་ཡུལ་གྱི་ལྗོངས་རྒྱུ་ཞིང་རྩྭ་ཅན་གྱི་ལམ་གྱི་ཕྱེད་དུ་སྐུ་རྒྱབ་མི་བདེ་སྟེ། སྐུ་ངལ་གསོ་བའི་དོན་དུ་སྔོན་བཞིན་གཟིམས་པར་མཛད་དེ། ཀུན་དགའ་བོ་ལ་བྱང་ཆུབ་ཀྱི་ཡན་ལག་སྨོས་ཤིག་གསུངས། དེས་ཀྱང་བཤད་པ་ན། བརྩོན་འགྲུས་ཀྱི་ཆེ་བ་བརྗོད་པར་མཛད་དེ་སྐྱིལ་ཀྲུང་བཅས་ནས་བཞུགས་སོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་འཐའ་མ་རབ་དགའ་དང་རབ་བཟང་གཉིས་བཏུལ་ཏེ། འདུལ་བ་རུང་མཐུན་བསྟན་ཅིང་། དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་སྟོད་བསལ་ཏེ། དགེ་སློང་དག་ལྟོས་ཤིག །དེ་བཞིན་གཤེགས་པ་མཐོང་བ་ནི་རྙེད་པར་དཀའ་བ་ཡིན་ནོ། །འདུས་བྱས་ཐམས་ཅད་ནི་མི་རྟག་པའི་ཆོས་ཅན་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མའོ། །ཞེས་གསུངས་སོ། །

དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་རྩྭ་ཅན་དུ་བྱོན་ནས་རྩྭ་ཅན་གྱི་གྱད་གྲོང་དང་ཉེ་བ་ཤིང་སཱ་ལ་ཟུང་གི་ཚལ་དུ་བྱོན་ནས་ཤིང་སཱ་ལ་ཟུང་གི་བར་དུ་ཁྲི་ཆོས་ལ་དབུ་བྱང་དུ་སྟོན་ཅིག །དོ་ནུབ་ནམ་གྱི་གུང་ཐུན་ལ་མྱ་ངན་ལས་འདའ་བར་འགྱུར་རོ་གསུངས། ཀུན་དགའ་བོས་ཀྱང་དེ་ལྟར་བྱས་ཏེ། དེ་བཞིན་གཤེགས་པ་དེར་ཕེབས་ནས་གློ་གཡས་པ་ཕབ། ཞབས་ཀྱི་སྟེང་དུ་ཞབས་བཞག །སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་དང་མྱ་ངན་ལས་འདའ་བའི་འདུ་ཤེས་མཛད་དེ། ཡོངས་སུ་མྱ་ངན་ལས་འདས་སོ། །དེ་མ་ཐག་ས་གཡོས། སྐར་མདའ་ལྷུང༌། ལྷའི་རྔ་སྒྲ་ཡང་གྲགས་སོ། །དེ་ནས་ཞག་རེ་བཞིན་ལྷ་མི་ཐམས་ཅད་ཀྱིས་སྐུ་གདུང་ལ་མཆོད་དོ། །

ཞག་བདུན་པ་ལ་སྐུ་གདུང་ཞུགས་ལ་ཞེན་པར། ཚེམས་མཆེ་བ་བཞི་མ་གཏོགས་རིང་བསྲེལ་ཡུངས་འབྲུ་ལྟ་བུ་མང་དུ་བྱུང་བ་ལས་སྐུ་གདུང་རིང་བསྲེལ་ཆ་བརྒྱད་དུ་བགོས་ནས། ཕྱོགས་བརྒྱད་པོ་སོ་སོར་གཏད་དེ། རིན་པོ་ཆེའི་མཆོད་རྟེན་བརྩིགས་ཤིང་། ཚེམས་མཆེ་བ་བཞི་ནི་སུམ་ཅུ་རྩ་གསུམ་དང་། གྲོང་ཁྱེར་སྒྲ་སྒྲོགས་སོགས་ལ་ཐོབ་ཅིང་ཕྱིས་སུ་ཀླུ་ཡུལ་དུ་སྤྱན་དྲངས་པར་གསུངས་ཤིང་། ཐུབ་པའི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་གྱིས་འཇིག་རྟེན་བརྒྱན་པར་བྱས་ཏེ་སངས་རྒྱས་ཀྱི་མཛད་པ་དང་འཕྲིན་ལས་རྒྱུན་མ་ཆད་དུ་འབྱུང་བ་ཡིན་ནོ། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)