ཞག་བདུན་པ་གཉིས་པ་ལ། སྟོང་གསུམ་རྒྱང་རིང་དུ་འཆག་གོ །གསུམ་པ་ལ། བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས་སོ། །བཞི་པ་ལ་ཤར་ནུབ་ཀྱི་བར་དུ་རྒྱང་མི་རིང་བར་འཆག་གོ །ལྔ་པ་ལ་ཀླུ་བཏང་བཟུང་གི་གནས་ན་བཞུགས་སོ། །
དྲུག་པ་ལ་ཤིང་ནྱ་གྲོ་དྷར་ར་སྐྱོང་དུ་བཞུད་དོ། །བདུན་པ་ལ། ཚོང་དཔོན་ག་གོན་དང༌། བཟང་པོ་གཉིས། བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ནས་སྦྲང་རྩི་དང་ལྡེ་གུ་དག་འབུལ་གྱིས་བཞེས་སུ་གསོལ་བ་ལ། སྟོན་པས། རྒྱལ་པོ་ཆེན་པོ་བཞིས་ཕུལ་བའི་རྡོ་ཡི་ལྷུང་བཟེད་བཞི་ཀ་གཅིག་ཏུ་བྱིན་གྱིས་བརླབས་ཏེ་དེ་གཉིས་ཀྱིས་བསོད་སྙོམས་ཕུལ་བ་བཞེས་སོ། །དེ་ནས་བདག་གིས་རྟོགས་པའི་ཆོས་ཟབ་མོ་འདི་ནི། གཞན་གྱི་ཁོང་དུ་ཆུད་པར་དཀའ་སྟེ། གལ་ཏེ་གཞན་ལ་བསྟན་པར་གྱུར་ཀྱང་དེས་མི་རྟོགས་པས། བདག་གཅིག་པུ་དགོན་པར་གནས་པར་བྱའོ་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་ཀྱང་གསུངས་སོ། །
དེ་ནས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་དང༌། ཚངས་པས་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་འཁོར་ལོ་རྩིབས་སྟོང་པ། འོད་ཟེར་སྟོང་དང་ལྡན་པ་སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཞེས་པ་དེ། བཅོམ་ལྡན་འདས་ཀྱི་དྲུང་དུ་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ན་གནང་སྟེ།
ཐོག་མར་རིང་འཕུར་དང་ལྷག་སྤྱོད་དག་ལ་ཆོས་སྟོན་པར་དགོངས་པའི་ཚེ། རིང་འཕུར་འདས་ནས་ཞག་བདུན་དང༌། ལྷག་སྤྱོད་འདས་ནས་ཞག་གཅིག་ལོན་པ་དང་། དེ་ནས་ལྔ་སྡེ་ལ་བསྟན་པར་དགོངས་ཏེ། ཝཱ་རཱ་ཎ་སིར་བྱོན་ནས། ཆུ་སྟོད་ཟླ་བའི་ཚེས་བཞིའི་ནམ་གྱི་ཆ་སྟོད་ལ་ཅང་མི་གསུང་བ་དང་། གུང་ཐུན་ལ་ཡང་དག་པར་འཆག་པའི་གཏམ་དང་། ཆ་སྨད་ལ་ལྔ་སྡེ་དང༌ཆོས་ཉན་པར་འདུས་པའི་འཁོར་མང་པོ་ལ་འཕགས་པའི་བདེན་པ་བཞིའི་ངོ་བོ་དང་། བྱ་བ་དང་འབྲས་བུའི་ཚུལ་གྱིས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ལྔ་སྡེ་གཙོ་བྱས་པའི་འཁོར་མང་པོ་ལས་ལ་ལས་བདེན་པ་མཐོང་བ་དང་ལ་ལས་དགྲ་བཅོམ་པ་ཐོབ་པ་སོགས་བྱུང་བ་དང་། འཇིག་རྟེན་དུ་དཀོན་མཆོག་གསུམ་ཐོག་མར་བྱུང་བ་ཡིན་ཞིང་།
དེའི་ཚེ་རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་མཆོད་རྟེན། དབྱིབས་གྲུ་བཞི་པ། ཕྱོགས་བཞིར་གློ་འབུར་དང་བཅས་པ་ལ་སྒོ་བཞིའམ་བརྒྱད་དམ་བཅུ་གཉིས་སམ་བཅུ་དྲུག་ཡོད་པ་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཀྱིས་བཞེངས་སོ། །
དེ་ལྟར་སྟོན་པ་སངས་རྒྱས་ནས་ཕྱོགས་དང་གནས་མང་པོར་ཆོས་གསུངས་ཏེ་གདུལ་བྱ་མཐའ་ཡས་པ་ཐར་པ་ལ་བཀོད་པར་མཛད་ཅིང་། ཡུལ་ཝཱ་རཱ་ཎ་སིར་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སོགས་ལ་བྱ་རྒོད་ཕུང་པོའི་རིར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང་། འཁོར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཡུལ་ཡངས་པ་ཅན་ལ་སོགས་པའི་གནས་ངེས་མེད་དུ་བཀའ་ཐ་མ་ལེགས་པར་རྣམ་པར་བྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ་ལྷ་དང་མི་སོགས་འགྲོ་བ་མཐའ་ཡས་པ་ཐར་པའི་ལམ་ལ་བཀོད་པར་མཛད་པ་ཡིན་ནོ། །