དེ་ནས་བདུད་ཀྱིས་མཚོན་ཆ་སྣ་ཚོགས་འཕངས་ཤིང་ཆོ་འཕྲུལ་སྣ་ཚོགས་བསྟན་ཡང་གླགས་མ་རྙེད་པ་ན། བདུད་ཀྱིས། ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་ཐོབ་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས། སྡིག་ཅན།
ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པའི་དབང་ཕྱུག་ཐོབ་ཏུ་ཟད་ན། ངས་བསྐལ་པ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་གཏན་པ་མེད་པའི་མཆོད་སྦྱིན་བྱས་ཤིང༌། སེམས་ཅན་རྣམས་ཀྱི་ཕྱིར་ཡོངས་སུ་གཏང་བར་དཀའ་བ་རྣམས་བཏང་བས་བླ་ན་མེད་པའི་ཡེ་ཤེས་ཐོབ་སྟེ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་མི་འགྱུར་བ་དེ་སྲིད་རེ་སྐན། ཞེས་བཀའ་སྩལ་པ་དང༌། བདུད་ཀྱིས་སྨྲས་པ། ངས་དེ་ལྟར་བྱས་པའི་དཔང་པོ་ནི་ཁྱོད་ཡིན་ལ། ཁྱོད་ཀྱི་དེར་དཔང་པོ་སུ་ཞིག་ཡོད། དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་གཡས་པ་ས་ལ་རེག་པར་མཛད་དེ། ངའི་དཔང་པོ་ནི་ས་འདི་ཡིན་ནོ་ཞེས་བརྗོད་པ་ན། སའི་ལྷ་མོ་ས་བརྟོལ་ཏེ་བྱུང་ནས་ཐལ་མོ་སྦྱར་ཏེ། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། །ཞེས་སྨྲས་པ་དང༌། བདུད་སྡིག་ཅན་བག་འཁུམས་ཤིང་སེམས་ཁོང་དུ་ཆུད་དེ་སོང་ངོ་། །
དེ་ནས་བྱང་ཆུབ་སེམས་དཔའ་ནམ་གྱི་ཐུན་དང་པོའི་སྐབས་དེ་ཉིད་དུ་མཉམ་པར་བཞག་སྟེ། རབ་ཀྱི་མཐའི་བསམ་གཏན་བཞི་པ་ལ་བརྟེན་ནས་རྫུ་འཕྲུལ་གྱི་མངོན་ཤེས་དང༌། ལྷའི་རྣ་བ་མངོན་དུ་བྱས། གུང་ཐུན་ལ་གཞན་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་སྤྱན་མངོན་དུ་བྱས་ཤིང༌། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཁ་རྔ་བརྡུང་བའི་ཚོད་ཙམ་སྟེ། ཐུན་ཐ་མར་ཟག་པ་ཟད་པའི་མངོན་ཤེས་མངོན་དུ་བྱས་ཏེ། བླ་མ་མེད་པའི་ཡེ་ཤེས་བརྙེས་ཤིང་། མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་མཛད་ནས་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པར་གྱུར་ཏོ། །
དེ་ཚེ་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་པུས་ནུབ་ཙམ་གཏོར་ཏེ་མཆོད་པ་དང་། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱིས། ད་ནི་ཤཱཀྱ་ཐུབ་པས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ་ཞེས་བསྒྲགས། དེ་ལྟར་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས། ཟླ་བ་ལ་ཡང་སྒྲ་གཅན་ཞུགས། གྲགས་འཛིན་མའི་སྲས་སྒྲ་གཅན་འཛིན་ཡང་བཙས་ཤིང་། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཙས་སོ། །
དེའི་ཚེ་ས་ཆེན་པོ་ནི་རབ་ཏུ་གཡོས། ཕྱོགས་ཐམས་ཅད་ནི་འོད་གྱི་སྣང་བས་ཁྱབ་པར་གྱུར། འཇིག་རྟེན་གྱི་ཁམས་ཕན་ཚུན་གྱི་བར་ན། མུན་པ་མུན་ནག་ཏུ་གྱུར་པ་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་གྱུར་པ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཆོས་ཀྱི་དགའ་བ་བསྐུར། ཕྱག་བརྐྱངས་ཏེ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་གྱི་སྙིང་ཁུ་མཚུངས་འདྲ་བཞིན། །ཞེས་གསུངས་པ་དང་།
སྟོན་པས་ཀྱང༌། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་བསིལ་པའི་དངོས་པོའང་ཐོབ། །ཅེས་ཆེད་དུ་བརྗོད་དོ། །དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་སྐྱིལ་ཀྲུང་གཅིག་གིས་ཞག་བདུན་འདས་པར་མཛད་དོ། །